ཟླ9པའི་ཚེས21ཉིན། “དགེ་སྒྲུབ་ལ་བརྟེན་ནས་བླ་ཤིང་སྐྱོང་། བརྩེ་སེམས་ལ་བརྟེན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དྲོད་ལ་བསྐྱིལ”ཞེས་པ་བརྗོད་དོན་ཡིན་པའི་མཚོ་སྔོན་གྱི་སྤྱི་ཕན་དགེ་སྒྲུབ་ལས་གཞིའི་འོས་སྦྱོར་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ས་གནས་མང་པོའི་དགེ་སྒྲུབ་རྩ་འཛུགས་དང་ཁེ་ལས་ཀྱི་འཐུས་མིས་དགེ་སྒྲུབ་ལས་གཞི་དང་ལག་ལེན་ཉམས་མྱོང་མཉམ་སྤྱོད་བྱས། ཅང་སུའུ་ཞིང་ཆེན་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་དགེ་སྒྲུབ་མཉམ་འབྲེལ་སྤྱི་ཁྱབ་ལྷན་ཚོགས་ལ་ཁ་ཕྱོགས་གཏན་འཁེལ་གྱི་སྒོར་ས་ཡ་གཉིས་ཞབས་འདེབས་སུ་ཕུལ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཨུ་ཡོན། ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོན་ཏ་ཡིས་ཤིས་ཚིག་ཕུལ་བ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁོང་ཡུང་ཚོགས་འདུར་ཞུགས།
ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་གོ་དགེ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་མཛུབ་སྟོན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་དགེ་སྒྲུབ་མཉམ་འབྲེལ་སྤྱི་ཁྱབ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་པ་ཞིག་ཡིན། འོས་སྦྱོར་ཚོགས་འདུའི་ཡུལ་དངོས་སུ། དྲིལ་སྒྲོག་བརྙན་ཐུང་བརྒྱུད་དེ་དགེ་སྒྲུབ་ལས་གཞི126འོས་སྦྱོར་བྱས་པ་དེ་དག་སྨན་བཅོས་རོགས་སྐྱོར་དང་སློབ་གསོ་རོགས་སྐྱོར། བྱིས་པའི་རོགས་སྐྱོར། རྒན་གསོའི་རོགས་སྐྱོར་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད་ཅིང་། མ་དངུལ་སྒོར་བྱེ་བ་ལྔ་ལྷག་གྲབས་གསོག་བྱ་རྩིས་ཡོད་པ་དང་། 《མཚོ་སྔོན་གྱི་སྤྱི་ཕན་དགེ་སྒྲུབ་ལས་གཞིའི་འོས་སྦྱོར་དེབ》ཅེས་པ་དུས་མཉམ་གཅིག་ཏུ་ཁྱབ་སྒྲོག་བྱས།
ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུ་ནི་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དགེ་སྒྲུབ་བཅའ་ཁྲིམས》ལག་བསྟར་གཏིང་ཟབ་བྱེད་པའི་དུས་སྐབས་སུ་སྤེལ་བ་ཞིག་ཡིན། དགེ་སྒྲུབ་གཟེངས་བསྟོད་དང་སྡེ་ཁུལ་དགེ་སྒྲུབ། དགེ་སྒྲུབ་ཡིད་རྟོན་མངག་བཅོལ། འཕྲལ་བསྟུན་དགེ་སྒྲུབ་སོགས་སྐུལ་སྤེལ་བྱེད་ཐབས་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ། དགེ་སྒྲུབ་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལམ་ལུགས་ཀྱི་འགན་སྲུང་དང་ཁྲིམས་སྐྱོང་གི་རྨང་གཞི་འདོན་སྤྲོད་བྱས། འོས་སྦྱོར་ཚོགས་འདུའི་སྟེང་དུ། སྤྱི་ཕན་དགེ་སྒྲུབ་བྱ་གཞག་གི་གསར་གཏོད་ལག་ལེན་མངོན་པར་མ་ཟད། ཐོན་ཁུངས་སྦྲེལ་མཐུད་དང་ཉམས་མྱོང་སྤེལ་རེས་ཀྱི་ལས་སྟེགས་གལ་ཆེན་ཡང་བསྐྲུན་ཡོད། མཚོ་སྔོན་ཞིང་ཆེན་དགེ་སྒྲུབ་མཉམ་འབྲེལ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་འདོད་མོས་མཉམ་ལས་ལས་གཞི་ལ་མུ་མཐུད་རྗེས་འདེད་བྱས་ཏེ། སྤྱི་ཕན་ལས་གཞིའི་མཛོད་དང་བརྩེ་སེམས་ཐོན་ཁུངས་མཛོད་བཙུགས་ནས། དུས་བཅད་ལྟར་འབྲེལ་མཐུད་སྤེལ་རེས་དང་ནུས་པ་གསོ་སྦྱོང་བྱས་ཏེ། སྤུས་ལེགས་སྤྱི་ཕན་ལས་གཞི་སྔར་ལས་གང་མང་དོན་འཁྱོལ་དང་དམངས་འཚོར་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་བཏང་ནས། ཆེད་ལས་སྟོབས་ཤུགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་ལ་རོགས་རམ་བྱས་ཏེ། ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་དོན་ལྡན་གཏོང་ཆེད་དགེ་སྒྲུབ་ཀྱི་སྟོབས་ཤུགས་གང་ཡོད་ལེགས་སྐྱེས་སུ་ཕུལ།