མཚོ་སྔོན་གྱིས་བུད་མེད་དང་བྱིས་པའི་བདེ་ཐང་གི་ཁ་གཏད་རོགས་སྐྱོར་བྱ་བ་ཕྱོགས་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ9པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཛུབ་སྟོན་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་བྱིས་པའི་བདེ་ཐང་ཆེད་ཚན་མནའ་འབྲེལ་དང་། མཚོ་སྔོན་ཞིང་ཆེན་གྱི་བུད་མེད་དང་བྱིས་པའི་བདེ་སྲུང་དང་ལེགས་བཙའ་ལེགས་གསོ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་རྨ་ཆུའི་བཞུར་རྒྱུད་ཀྱི་བྱིས་པའི་བདེ་ཐང་ཆེད་ཚན་མནའ་འབྲེལ་གྱི་ཚོགས་ཆེན་སྐབས་གསུམ་པ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བུད་་མེད་དང་བྱིས་པའི་བདེ་ཐང་རིག་གཞུང་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་འདུ་ལས་ཁ་གཏད་རོགས་སྐྱོར་གཏིང་ཟབ་ཏུ་སྤེལ་ནས་མཚོ་སྔོན་གྱི་བུད་མེད་དང་བྱིས་པའི་བདེ་ཐང་ཞབས་ཞུ་ཇེ་ལེགས་སུ་གཏོང་བར་རམ་འདེགས་བྱེད་པའི་འགུལ་སྐྱོད་འགོ་བརྩམས་པ་དང་།  འདིས་མཚོ་སྔོན་གྱི་བུད་མེད་དང་བྱིས་པའི་བདེ་ཐང་ཐད་ཀྱི་ཁ་གཏད་རོགས་སྐྱོར་བྱ་བ་དངོས་སུ་དོན་འཁྱོལ་ལག་བསྟར་བྱས་ཏེ།   ཞིང་ཆེན་ཡོངས་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་ས་ཁོངས་ཀྱི་རོགས་ལས་དང་སྤུས་འདེགས་ཕན་སྐྱེད་ཀྱི་རྣམ་པ་གསར་པ་ཞིག་བཏོད་ཡོད་པ་མཚོན།

ཚོགས་འདུ་ལས་རི་ཆུ་མཉམ་སྦྲེལ་དང་ཕན་ཚུན་རོགས་རེས་བྱས་ཏེ། རྨ་ཆུའི་བཞུར་རྒྱུད་དང་དེ་བཞིན་ཞིང་ཆེན་ཡོངས་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་དུ་བྱས་ཏེ།  ཚོགས་ར་གཙོ་བོ་དང་ཆེད་དོན་ཡན་ལག་ཚོགས་ར་ཆེན་པོ་ལྔ་བཀོད་སྒྲིག་བྱས་ཡོད་པ་དང་། རྒྱལ་ཡོངས་ནས་ཐོན་པའི་ཆེད་མཁས་པ་རྣམས་གནས་གཅིག་ཏུ་འཛོམས་ནས་བུད་མེད་དང་བྱིས་པའི་མི་ཚེ་གང་བོའི་བདེ་ཐང་དོ་དམ་དང་།  མ་བུ་བདེ་སྲུང་ལས་ཁུངས་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་བཅས་ཀྱི་ཐད་བསམ་བློ་བརྗེ་རེས་དང་ཞིབ་འཇུག་བགྲོ་གླེང་བྱས་ཤིང་། ནད་ཐོག་ལག་ལེན་དང་དོ་དམ་ཉམས་མྱོང་སོགས་ཀྱི་ནང་དོན་མཉམ་སྤྱོད་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་ཞབས་ཞུའི་ནུས་པ་དང་འགན་སྲུང་ཆུ་ཚད་ཇེ་མཐོར་བཏང་།

ཐེངས་འདིར་སྤེལ་བའི་བུད་མེད་དང་བྱིས་པའི་བདེ་ཐང་གི་ཁ་གཏད་རོགས་སྐྱོར་མཐོར་འདེགས་འགུལ་སྐྱོད་ཀྱིས་སྐོར་ཐེངས་དྲུག་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་སྣེ་ཁྲིད་པ་དང་ཁུལ་དྲུག་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་སྣེ་ཁྲིད་པའི་གཅིག་འདོམས་མཉམ་སྒུལ་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་།  དགོས་མཁོར་རྟོག་ཞིབ་བྱས་པ་བརྒྱུད་དེ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཅིག་འདོམས་མཐུན་སྦྱོར་བྱས་ཏེ། ཤར་ནུབ་རྒྱུད་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་གི་ཁ་གཏད་རོགས་སྐྱོར་དང་རོགས་ལས་ཐད་ཀྱི་རྐྱེན་སྲོལ་གསར་པ་བསྐྲུན།   རོགས་སྐྱོར་བྱ་བས་ཆེད་མཁས་པ་ནང་འདྲེན་བྱས་ཏེ་བྱེད་ནུས་སྩོལ་བ་དང་མི་སྣ་ཕྱིར་སོང་ནས་གསོ་སྦྱོང་བྱས་ཏེ་བྱང་ཚད་ཇེ་མཐོར་གཏོང་བའི་ཕྱོགས་གཉིས་འཕེལ་རྒྱས་བྱེད་ཐབས་ལག་བསྟར་ནན་མོ་བྱས་ཏེ། ནད་ཐོག་ལག་རྩལ་རོགས་སྐྱོར་དང་ལས་ཁུངས་དོ་དམ་རོགས་སྐྱོར་གྱིས་མཉམ་གཅིག་ཏུ་ནུས་ཤུགས་འདོན་པ་དང་།  དྲ་ཐོག་གི་རྒྱང་བསྟེན་མཛུབ་སྟོན་དང་ཡུལ་དངོས་ཁྲིད་སློབ་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་བཏང་།   ཐེངས་འདིའི་རོགས་སྐྱོར་བྱ་བས་མཚོ་སྔོན་གྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་བུད་མེད་དང་བྱིས་པའི་བདེ་སྲུང་ལས་ཁུངས་ཕྱོགས་ཡོངས་ལ་ཁེབས་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་གི་ཁ་གཏད་རོགས་སྐྱོར་མེད་པ་ནས་ཡོད་པ་དང་། དེ་ནས་ས་ཁོངས་ཡོངས་ལ་ཁེབས་པར་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱེད་པ་དང་།   མཐོ་སྒང་གཞི་རིམ་གྱི་བུད་མེད་དང་བྱིས་པའི་སྨན་བཅོས་ཐོན་ཁུངས་ཀྱི་མི་འདང་ས་དང་ཆེད་ལས་མི་སྣ་དཀོན་པ། ས་ཁོངས་ཀྱི་ཞབས་ཞུ་འཕེལ་རྒྱས་དོ་མཉམ་མིན་པ་སོགས་ཀྱི་འབུར་ཐོན་གནད་དོན་ནུས་ལྡན་སྒོས་ཐག་གཅོད་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་བུད་མེད་དང་བྱིས་པའི་བདེ་ཐང་ཞབས་ཞུའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། མཐོ་སྒང་གི་བུད་མེད་དང་བྱིས་པའི་བདེ་ཐང་གི་ལྕགས་རི་བརྟན་པོར་བསྐྲུན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།