མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སློབ་གྲྭ་བཙུགས་ནས་ལོ་ངོ་70འཁོར་བའི་ཚོགས་ཆེན་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ9པའི་ཚེས20ཉིན། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སློབ་གྲྭ་བཙུགས་ནས་ལོ་ངོ་70འཁོར་བའི་ཚོགས་ཆེན་དེ་མཚོ་སྔོན་དགེ་འོས་སློབ་ཆེན་མཁར་བྱང་སློབ་ཁུལ་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཐུང་ཏི་དང་། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་བཅས་ཚོགས་ཆེན་ལ་ཞུགས། པེ་ཅིན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་ཡོན་ཧྲི་ཡུས་ཅི་ཧུང་གིས་ཤིས་ཚིག་ཕུལ།

ཚོགས་ཆེན་དེ་གཟབ་བརླིང་གི་རྒྱལ་གླུའི་ཁྲོད་འགོ་བརྩམས། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོས་བརྗོད་དོན་སྙན་ཞུ་ཕུལ་ཞིང་། སློབ་གྲོགས་ཀྱི་འཐུས་ཚབ་དང་། དགེ་རྒན་གྱི་འཐུས་ཚབ་པས་སྔ་རྗེས་སུ་གཏམ་བཤད། ཚོགས་ཆེན་སྟེང་ད་དུང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་འགྲེམ་སྟོན་བྱས་པ་མ་ཟད། ཆེད་མཁས་པ་གདན་ཞུ་བྱས་ཏེ་ཆེད་དོན་སྙན་ཞུ་ཕུལ།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་དང་། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱི་མངག་བཅོལ་ལྟར། ལིའུ་ཆི་ཧྥན་གྱིས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། སློབ་གྲྭ་བཙུགས་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། དགེ་སློབ་ལས་བཟོ་བ་ཡོངས་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ། རྒྱ་ཆེའི་སློབ་གྲོགས་ཡོངས་ལ་བརྩེ་བའི་འཚམས་འདྲི་བྱས་ནས། དུས་ཡུན་རིང་པོར་སློབ་གྲྭ་དང་མཚོ་སྔོན་གྱི་སློབ་གསོའི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་སྤྱི་ཚོགས་ཀྱི་ལས་རིགས་ཁག་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས། ཁོས་བསྟན་དོན། ལོ་ངོ་70ཡི་རིང་། སློབ་གྲྭ་ཡིས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་དང་ཁ་ཕྱོགས་གཅིག་དང་། དུས་རབས་དང་མཉམ་བགྲོད། མཚོ་སྔོན་དང་མཉམ་སྐྱོད་བཅས་བྱས་ཏེ། གངས་ལྗོངས་མཐོ་སྒང་དུ་རྐང་ཚུགས་ཤིང་། སློབ་གསོའི་གཤིན་ས་ལེགས་པར་རྨོས་ནས། ཏང་གི་ཆེད་དུ་མི་སྐྱོང་བ་དང་། རྒྱལ་ཁབ་ཀྱི་ཆེད་དུ་འཇོན་མི་སྐྱོང་བའི་དམ་བཅའ་ལག་བསྟར་བྱས་ཏེ། མཐོ་སྒང་གི་བརྩེ་སེམས་རབ་ཏུ་བསྐྱངས་ཤིང་། ཕུལ་བྱུང་སློབ་སྲོལ་གསོ་སྐྱོང་བྱེད་པ་དང་། སློབ་གསོ་དར་ཞིང་འཇོན་མི་གསོ་སྐྱོང་བྱས་པས། རིམ་བཞིན་མཚོ་སྔོན་གྱི་རྨང་གཞི་སློབ་གསོའི་གནས་དང་། མཐོ་སྒང་འཇོན་མི་གསོ་སྐྱོང་བྱེད་པའི་བསྟི་གནས་སུ་གྱུར་བས། མི་རིགས་ས་ཁུལ་གྱི་ཚན་སློབ་གསར་གཏོད་ཀྱི་མཐོ་སར་གྱུར་ཞིང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་པར་དུ་སློབ་གསོའི་ལས་དོན་གོང་སྤེལ་བྱེད་པར་བྱས་རྗེས་བླ་མེད་བཞག་ཡོད།

ལིའུ་ཆི་ཧྥན་གྱིས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི། མཚོ་སྔོན་དང་རྒྱལ་ཡོངས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཡིན་ཞིང་། སྤུས་ཚད་མཐོ་བའི་སློབ་གསོ་དང་། ཚན་རྩལ། འཇོན་མིའི་འདེགས་སྐྱོར་བཅས་ལྷག་ཏུ་མཁོ། རེ་བར་སློབ་གྲྭས་སློབ་སྒྲུབ་ཀྱི་འགན་འཁྲི་བརྟན་སྲུང་བྱས་ནས། སློབ་གསོ་ཡི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་གདོང་མཆོང་དམག་བྱེད་དགོས་ལ། ཤོང་སྐྱེད་མཐོར་འདེགས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། དགེ་འོས་ལས་དོན་གཙོ་བོ་རྒྱུན་ཆད་མེད་པར་ལེགས་སྤེལ་བྱེད་པ་དང་། རིག་ཚན་སྒྲིག་གཞི་མཚམས་མི་ཆད་པར་ལེགས་སྒྱུར་བྱེད་པ། ཁ་གཏད་རོགས་སྐྱོར་གྱི་མཉམ་ལས་ཟབ་སྤེལ་བྱེད་པ། ཕྱོགས་བསྡུས་རང་བཞིན་དང་། ཁྱད་ཆོས་ལྡན་པ། ཆུ་ཚད་མཐོ་བའི་དགེ་འོས་སློབ་ཆེན་འབད་པས་འཛུགས་སྐྲུན་བྱེད་དགོས། རེ་བར་རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་སློབ་གསོ་བའི་སྙིང་སྟོབས་དར་སྤེལ་བཏང་ནས། ཀུན་སྤྱོད་ཀྱིས་མི་གཞི་སྐྱོང་བ་དང་། ཀུན་སྤྱོད་ཀྱིས་སློབ་སྒྲུབ་བྱེད་པ། ཀུན་སྤྱོད་ཀྱིས་སློབ་ཁྲིད་བྱས་ཏེ། རྒྱལ་གཅེས་ཀྱི་བརྩེ་བ་དང་། རྒྱལ་སྟོབས་ཀྱི་འདུན་པ། རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་སློབ་གསོ་དེ་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཡོངས་སུ་ཁྱབ་པར་བྱས་ནས། སློབ་མ་འཚར་ལོངས་དང་འཇོན་མིར་བསྒྱུར་བའི་ལམ་སྟོན་པ་བྱེད་དགོས། རེ་བར་སློབ་གྲོགས་རྣམས་ཀྱིས་སློབ་སྦྱོང་གི་སྙིང་སྟོབས་དར་སྤེལ་བཏང་ནས། རིག་ཚན་གྱི་རྨང་གཞི་བརྟན་པོར་གཏོང་བ་དང་། གྲངས་འཛིན་གྱི་བྱང་ཚད་མཐོར་འདེགས་གཏོང་བ། རྒྱལ་ཁབ་ཀྱི་བརྩེ་སེམས་སེམས་ལ་བཅང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐུལ་འདེད་གཏོང་བའི་མཚོ་སྔོན་ལག་ལེན་ཁྲོད་ལང་ཚོ་ཡི་རྒྱུགས་ལན་སྤྲོད་དགོས། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་ནམ་ཡང་འགྱུར་བ་མེད་པར་སློབ་གྲྭའི་བཅོས་སྒྱུར་འཕེལ་རྒྱས་ལ་རྒྱབ་སྐྱོབ་བྱས་ནས། དགེ་རྒན་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་རྒྱུ་ཡིན་ལ། བློ་སེམས་གཅིག་མཐུན་གྱིས་མཐོ་སྒང་དགེ་རྒན་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་བར་རམ་འདེགས་བྱེད་རྒྱུ་ཡིན།

ཞིང་ཆེན་ཐད་གཏོགས་སྡེ་ཁག་དང་། གྲོང་ཁྱེར་དང་ཁུལ། རྫོང་སོ་སོའི་སྲིད་གཞུང་དང་། ཁེ་ལས། ལས་དོན་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། ཞིང་ཆེན་ཕྱི་ནང་གི་སྤུན་ཟླ་སློབ་གྲྭ། ཚན་ཞིབ་གླིང་གི་ཆེད་མཁས་ཞིབ་འཇུག་པ། མཉམ་ལས་ལས་ཁུངས་ཀྱི་འཐུས་ཚབ་དང། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ། སློབ་གྲོགས། དགེ་སློབ་ཀྱི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།