གསར་འགོད་པས་ཟླ9པའི་ཚེས18ཉིན་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་དང་གུང་གསེང་སྐབས་ཀྱི་ཁྲོམ་རའི་བྱ་བའི་བརྙན་རིས་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས“ཚད་མཐའ་དམ་སྲུང་དང་འགན་འཁྲི་གསལ་བོ། མངོན་མེད་རྐྱེན་ངན་ཞིབ་བཤེར། དག་ཐེར་ལེགས་བཅོས་དམ་འཛིན། ཁྱབ་ཁོངས་རྒྱ་བསྐྱེད། གཙོ་གནད་དམ་འཛིན། ལྟ་སྐུལ་ལ་ཤུགས་སྣོན། ལས་རེས་ནན་སྲུང”བཅས་ཀྱི་བྱ་བའི་རིག་ལམ་གཞིར་བཟུང་ནས་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སྐབས་ཀྱི་རིག་གནས་ཡུལ་སྐོར་གྱི་ལས་དོན་སྣ་ཚོགས་ཐད་ཡང་བསྐྱར་སྐུལ་སློང་དང་ཡང་བསྐྱར་ཞིབ་འགྱུར། ཡང་བསྐྱར་བཀོད་སྒྲིག་བཅས་བྱས་ཏེ། གུང་གསེང་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་ར་བདེ་འཇགས་དང་གོ་རིམ་ལྡན་པ་ཞིག་ཡོང་བར་འགན་སྲུང་བྱས།
ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་གི་དུས་ཡུན་རིང་བ་དང་མང་ཚོགས་ཕྱིར་བགྲོད་ཀྱི་འདུན་པ་ཆེ་ལ། རིག་གནས་ཡུལ་སྐོར་དང་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་བ་མ་ཟད། མི་སྣ་འཁོར་རྒྱུག་དང་གཅིག་འདུས་རང་བཞིན་གྱི་བྱེད་སྒོ་མང་ཞིང་། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ཞབས་ཞུ་འགན་སྲུང་ཐད་ཀྱི་ལས་འགན་ཧ་ཅང་ལྕི་བས། རིམ་པ་སོ་སོའི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་ཚད་མཐའི་བསམ་ཕྱོགས་བརྟན་པོ་ཆགས་པར་བྱེད་པ་དང་། ནམ་ཡང་ལྷོད་གཡེང་མི་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་ལས་དོན་ཡོད་ཚད་དམ་འཛིན་བྱེད་པའི་ལག་བསྟར་ནུས་པར་བརྟེན་ནས་བྱ་བ་གཙོ་བོ་སྣ་ཚོགས་དམ་འཛིན་ནན་མོ་བྱེད་དགོས།
བདེ་འཇགས་ཐོན་སྐྱེད་ཕྱོགས་ནས། དོ་དམ་གསུམ་དང་ངེས་པར་གསུམ་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། ཁོངས་གཏོགས་ས་ཁུལ་གྱི་དོ་དམ་འགན་འཁྲི་དང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི། གཉེར་སྐྱོང་སྡེ་ཚན་གྱི་བྱེད་པོའི་འགན་འཁྲི་བཅས་ནན་དཀྲི་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་རྩ་བཅོས་མཁྲེགས་གཏོར་ལོ་གསུམ་འགུལ་སྐྱོད་ཀྱི་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། དུས་ཆེན་གྱི་སྔོན་དང་དུས་ཆེན་གྱི་སྐབས་སུ་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་ལྗོངས་ཁུལ་གཙོ་བོ་དང་རིག་གནས་འགྲེམ་སྟོན་ཁང་། རིག་གནས་གཉེར་སྐྱོང་བྱེད་ཡུལ་གཙོ་བོ་བཅས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་དག་ཐེར་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རོལ་རྩེད་སྒྲིག་བཀོད་ཆེ་གྲས་དང་ཤེལ་སྒོའི་དོས་ལམ། དཔྱང་ཟམ། མཛེས་ལྗོངས་ཁུལ་གྱི་འགྲུལ་སྐྱེལ་རླངས་འཁོར། མེ་ཟོན་སྒྲིག་བཀོད། ས་གཤིས་གནོད་འཚེ་འབྱུང་སླ་བའི་གནས་སོགས་ལ་དམིགས་ནས་མངོན་མེད་རྐྱེན་ངན་དག་ཐེར་ལེགས་བཅོས་དང་གཙང་སེལ་བྱེད་པར་སྐུལ་འདེད་བཏང་།
ཁྲོམ་ར་བཅོས་སྐྱོང་དང་ཞབས་ཞུ་འགན་སྲུང་ཕྱོགས་ནས། རིམ་པ་སོ་སོའི་རིག་གནས་ཁྲོམ་ར་ཕྱོགས་བསྡུས་ཁྲིམས་བསྟར་ལས་ཁུངས་ཀྱིས་སྤྱི་བདེ་དང་འགྲིམ་འགྲུལ། ཁྲོམ་ར་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། ལུགས་དང་མི་མཐུན་པའི་རིན་གོང་དམའ་བའི་ཡུལ་སྐོར་དང་བཙན་ཤེད་ཀྱིས་འཛད་སྤྱོད་བྱེད་དུ་འཇུག་པ། དྲིལ་སྒྲོག་རྫུན་མ་སོགས་འབུར་ཐོན་གནད་དོན་ལ་དམིགས་ནས་ཆེད་དོན་དག་ཐེར་བཅོས་སྐྱོང་ལས་དོན་སྤེལ། གནད་ལ་འཁེལ་བའི་སྒོ་ནས་གུང་གསེང་སྐབས་ཀྱི་ཕྱིར་སྐྱོད་དྲན་སྐུལ་ཁྱབ་བསྒྲགས་བྱེད་པ་དང་། ཡུལ་སྐོར་ཞུ་གཏུག་ཐད་ཀྱི་རིགས་དབྱེ་དང་རིམ་དགར། ཆོད་ཆེ་བཅས་ཀྱི་ཐག་གཅོད་རྐྱེན་སྲོལ་བེད་སྤྱོད་བྱེད་པ། རིམ་པ་གསུམ་གྱི་ལས་རེས་སྣེ་ཁྲིད་དང་དུས་ཚོད24རིང་གི་ཆེད་ལས་མི་སྣའི་ལས་རེས་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། ཐོལ་བྱུང་དོན་རྐྱེན་བྱུང་ཚེ་དུས་ཐོག་ཏུ་དང་ལེན་དང་ཐག་གཅོད་བྱེད་ཐུབ་པར་འགན་ལེན་བྱེད་དགོས།