མཚོ་སྔོན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་རྩལ་ནུས་དེ་འཛམ་གླིང་རྩལ་ནུས་འགྲན་སྡུར་ཆེན་མོ་སྐབས48པར་ཞུགས་རྒྱུ་རེད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

འཛམ་གླིང་རྩལ་ནུས་ཀྱི་ཨོ་ལིན་ཕི་ཁིའི་མཚན་སྙན་ཐོབ་པའི་འཛམ་གླིང་རྩལ་ནུས་འགྲན་སྡུར་ཆེན་མོ་སྐབས48པ་དེ་ཟླ9པའི་ཚེས22ཉིན་ནས་ཚེས27ཉིན་བར་ཧྲང་ཧའེ་རྒྱལ་ཁབ་ཚོགས་འགྲེམ་ལྟེ་གནས་ནས་འཚོག་རྒྱུ་རེད། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་འགྲེམ་སྟོན་ཚོམས་ཆེན་དེ་འཛམ་གླིང་རྩལ་ནུས་དངོས་མང་འགྲེམ་སྟོན་ཚོགས་ཆེན་དུ་ཞུགས་རྒྱུ་ཡིན་ཞིང་། གཅིག་བསྡུས་སྒོས་མཚོ་སྔོན་གྱི་འཐེན་ཐུག་དང་། མཚོ་སྔོན་གྱི་གཙགས་དྲུབ་ལག་རྩལ། དངུལ་ཟངས་མགར་ལས། ཚྭ་མཚོའི་ལྗང་མདོག་ཐོན་ལས་སོགས་ཁྱད་ལྡན་རྩལ་ནུས་འགྲེམ་སྟོན་བྱས་ནས། འཛམ་གླིང་ལ་མདོ་དབུས་མཐོ་སྒང་གི་གཟུགས་འདས་ཤུལ་བཞག་རིག་གནས་རྩལ་ནུས་ཀྱི་ཐུན་མིན་མཚར་སྡུག་ངོམ་རྒྱུ་རེད།

འཛམ་གླིང་རྩལ་ནུས་འགྲན་སྡུར་ཆེན་མོ་འདི་འཛམ་གླིང་རྩལ་ནུས་རྩ་འཛུགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ལོ་གཉིས་རིང་ཐེངས་གཅིག་སྤེལ་བཞིན་ཡོད་ལ། འདི་ནི་གོ་ལ་ཧྲིལ་བོའི་གོ་གནས་ཆེས་མཐོ་ཞིང་། གཞི་ཁྱོན་ཆེས་ཆེ་བ། ཤུགས་རྐྱེན་ཆེས་ཆེ་བའི་ལས་རིགས་རྩལ་ནུས་འགྲན་སྡུར་ཞིག་ཡིན། སྐབས་འདིའི་འགྲན་སྡུར་ཆེན་མོ་འདི་འཛམ་གླིང་རྩལ་ནུས་རྩ་འཛུགས་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན་ལ། ཐེངས་དང་པོར་ཀྲུང་གོ་ནས་སྤེལ་བ་དང་། འདི་རུ་འགྲན་སྡུར་རྣམ་གྲངས64ཡོད་ཅིང་། སྔོན་རྩིས་བྱས་པ་ལྟར་ན་རྒྱལ་ཁབ་དང་ས་ཁུལ70ལྷག་དང་། འགྲན་ཞུགས་མི་གྲངས1400ལྷག་འགྲན་ཞུགས་བྱ་རྒྱུ་ཡིན་པས། འགྲན་སྡུར་རྣམ་གྲངས་ཀྱི་གྲངས་ཟིན་པ་དང་། འགྲན་ཞུགས་རྒྱལ་ཁབ་དང་ས་ཁུལ་གྲངས་སོགས་ཡང་རྩེ་བཞི་གསར་གཏོད་བྱེད་པའི་རེ་བ་ཡོད་པ་རེད།

མཚོ་སྔོན་འགྲེམ་སྟོན་ཚོམས་ཆེན་གྱིས་རྩལ་ནུས་སྦྲེལ་ཟམ་དུ་བྱས་ཏེ། སྲོལ་རྒྱུན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་མཛེས་པ་ངོམ་པ་དང་། ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཀྱང་མངོན་རྒྱུ་རེད།

ཐེངས་འདིར་མཚོ་སྔོན་གྱིས་འགྲེམ་སྟོན་ཚོམས་ཆེན་གྱི་ཚུལ་གྱིས་འཛམ་གླིང་རྩལ་ནུས་འགྲན་སྡུར་ཆེན་མོར་ཞུགས་རྒྱུ་ཡིན་པས། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་རྩལ་ནུསའཇོན་མིའི་རུ་དཔུང་འཛུགས་སྐྲུན་བྱས་པའི་གྲུབ་འབྲས་དང་། ཁྱད་ལྡན་ཐོན་ལས་ཀྱི་གཅིག་བསྡུས་འོས་སྦྱོར་ཐེངས་ཤིག་ཡིན་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་རྩལ་ནུས་འདུ་ཤེས་ལ་སློབ་སྦྱོང་དཔེ་ལྟ་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཀྱང་རེད། འགྲེམ་ཞུགས་ཀྱི་དགོངས་དོན་ནི་གོམ་གང་མདུན་སྤོས་ཀྱིས་སྲོལ་རྒྱུན་རྩལ་ནུས་རྒྱུན་འཛིན་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ལྗང་མདོག་ཐོན་ལས་དང་རྩལ་ནུས་འཇོན་མི་ཟབ་འདྲེས་འབྱུང་བར་སྐུལ་སྤེལ་བྱས་ཏེ། མཚོ་སྔོན་གྱི་རྩལ་ནུས་མང་པོ་རྒྱལ་ཡོངས་སུ་བསྐྱོད་པ་དང་། འཛམ་གླིང་ལ་བསྐྱོད་དུ་འཇུག་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།