ཐང་གའི་རིག་གནས་ལག་རྩལ་རྒྱུན་བསྐྱངས་ཏེ་ཡུལ་གྲུ་ཕྱུག་པོར་བསྒྱུར།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར།

“ཐིག་རྩ་འཐེན་སྐབས་སེམས་པ་ལྷོད་ལ་འབབ་པ་དང་ལག་ངར་བརྟན་པོ་ཡིན་ན། ཐིག་རྩ་འཐེན་ཐེངས་གཅིག་གིས་སྙོམས་པོ་ཡོང་ཐུབ།”ཟླ8པའི་ཚེས24ཉིན། སངས་རྒྱས་རྒྱལ་གྱིས་མགོ་བོ་བསྒུར་ཏེ། ལག་པ་གཡོན་ཕྱོགས་སུ་ཚོན་སྣོད་བཟུང་ཞིང་གཡས་པས་སློབ་མའི་ལག་ངར་ལ་འཇུས་ནས་པིར་སྨྱུག་བཟུང་ཚུལ་འཁྲིད་ཀྱིན་འདུག

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་སེང་གེ་གཤོང་ཡ་མགོ་སྡེ་བའི་ཞོགས་པ་ནི་ཕྲ་ཞིང་ཞིབ་པའི་སྒོ་ནས་བྲིས་པའི་པིར་སྨྱུག་རས་གཞིར་བརྩེགས་པའི་སྒྲའི་ཁྲོད་ནས་དལ་གྱིས་མགོ་བརྩམས། སངས་རྒྱས་རྒྱལ་གྱི་རི་མོ་ཁང་གི་སྒྲོག་ཙེ་སྟེང་དུ་མཚལ་དང་སྤང་སྔོ། གསེར་ཕྱེ་བཅས་བླུགས་ཡོད་པའི་རྫ་དཀར་སྡེར་མ་རྙིང་པ་མང་པོ་གོ་རིམ་བཞིན་བསྒྲིགས་ཡོད་པ་དང་། དེའི་འགྲམ་དུ་ཡོད་པའི་རྡོ་རྐོ་ནང་གི་བརྡུངས་མ་ཐག་གི་རྡོ་ཚོན་ཕྱེ་མར་འོད་འཚེར་བཞིན་ཡོད། ཁོས་པིར་སྨྱུག་དང་རྡོ་ཚོན་དང་འགྲོགས་པའི་འཚོ་བ་འདི་ལྟ་བུ་ལོ་ངོ་ཉི་ཤུ་ལྷག་ལ་རོལ།

“ང་ལོ6ཡིན་དུས་པིར་སྨྱུག་བཟུང་ནས་སྡེ་བའི་ནང་གི་སྒྱུ་རྩལ་པ་རྒན་པ་ཚོའི་རྗེས་སུ་འབྲངས་ནས་རི་མོ་སྦྱངས་པ་ཡིན། སྐབས་དེར་ཆ་རྐྱེན་ཞན་པས། རས་གཞི་རང་གིས་བརྡར་བ་དང་། རྡོ་ཚོན་རི་མགོ་རྫ་མགོར་སོང་ནས་བཏུས་ཡོང་སྟེ་བརྡུང་དགོས། རྡོ་ཐུམ་གྱི་འགྲམ་དུ་ཙོག་ནས་ཉིན་གུང་ཡོལ་རག་བར་དུ་བརྡུངས་ན། ལག་པ་ངལ་ནས་ཕོར་པ་ཡང་འཛིན་མི་ཐུབ་པ།” རི་མོ་སྦྱངས་པའི་དུས་སྐབས་སྐོར་གླེང་སྐབས། སངས་རྒྱས་རྒྱལ་གྱི་སྐད་གདངས་ལ་ལྷོད་ཅིག་ཡོད་རུང་བརྩོན་པའི་རྒྱུན་བསྐྱངས་ནས་ཐོན་པ་ཤེས་ཐུབ།

བརྩོན་པའི་རྒྱུན་བསྐྱངས་པ་ལ་བརྟེན་ནས། ཁོ་ལོ་བཅུ་དྲུག་གི་སྐབས་སུ་རས་འདེམ་པ་དང་རས་གཞི་རྡོར་བ། ཐིག་རྒྱག་པ། ཚོན་བྱུགས་པ། སྤྱན་འབྱེད་པ་བཅས་ཀྱི་ལས་རིམ་ཆ་ཚང་བྱང་ཆུབ་པར་སྦྱངས་པ་ཐོབ་ནས། སྡེ་བའི་ནང་གི་ལྷ་བཟོའི་གྲས་སུ་བརྩིས་ཆོག་པའི་ལྷ་བཟོ་གཞོན་ནུ་ཞིག་ཏུ་གྱུར། ཁོའི་སེམས་སུ། ཐང་ག་ནི་སྟབས་བདེའི་རི་མོ་བྲིས་པ་ཁོ་ན་ཞིག་མིན་པར་འདོད་ཡོད། “ཐང་ག་རེ་རེར་ཚེ་སྲོག་གི་རྒྱུན་ཞུགས་ཡོད་པས། འབྲི་མགོ་མ་བརྩམས་གོང་ཐོག་མར་དེའི་གཏམ་རྒྱུད་ཀློག་ནས་ཤེས་སུ་བཅུག་ན་འབྲི་བྱའི་མི་སྣ་གཙོ་བོ་ཇི་མ་ཇི་བཞིན་འདུ་འབྲི་ཐུབ།”

2023ལོ་ནས་བཟུང་། སངས་རྒྱས་རྒྱལ་སྔ་གཞུག་ཏུ་པེ་ཅིན་དང་ཧྲང་ཧའེ། ཀོང་ཀྲོའུ་སོགས་སུ་རིག་གནས་བརྗེ་རེས་བྱེད་དུ་སོང་ནས། སྒྱུ་རྩལ་གྱི་ཁོར་ཡུག་སྔར་བས་རྒྱ་ཆེ་བ་མཐོང་བའི་མོད་ལ། རིག་གནས་ཀྱི་རྩ་བ་སྲུང་བའི་བསམ་ཚུལ་སྔར་བས་བརྟན་པོར་གྱུར།

“ཕྱི་ལ་སོང་ནས་གཞན་ལ་བལྟ་བ་ནི་གདོང་བཅས་མདངས་སྒྱུར་ཙམ་གྱི་ཆེད་མིན་པར། ལག་རྩལ་རྙིང་པ་འདི་སྔར་བས་བརྟན་པོར་སྲུང་བའི་ཆེད་དུ་ཡིན”ཟེར། ཁོས་རྒྱུན་དུ་རང་བྱུང་རྡོ་ཚོན་བཀོལ་ནས་ལྷོད་ཀྱིས་འབྲི་བ་རྒྱུན་འཁྱོངས་བྱས་ལ། ཐང་ག་ཆེན་པོ་ཞིག་ལོ་ཕྱེད་ཙམ་ལ་འབྲི་དགོས་ཏེ་མ་རྩ་རྡིབ་འགྲོ་ནའང་དེ་ལྟར་བྱས་པ་རེད། “ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་ཐང་ག་འདི་འབྲི་བར་རྡོ་ཚོན་ཐེངས་གསུམ་ལ་བརྡུངས་ན་ད་གཟོད་ཞིབ་ཚགས་ཡིན་ལ། བྲིས་པའི་ཚོན་མདོག་ཀྱང་ལོ་བརྒྱ་ཕྲག་ཏུ་འགྱུར་མི་སྲིད། འདི་ནི་ལག་རྩལ་གྱི་རྩ་བ་ཡིན་པས། བསྐྱུར་མི་རུང་།”

ཁོས་རྩ་བ་བསྲུངས་པ་དང་མཉམ་དུ་གསར་གཏོད་བྱེད་ཕོད་ལ།  མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་ཀྱི་རྣམ་པ་གསར་པ།  ངལ་རྩོལ་དཔེ་ལེགས་ཀྱི་གཏམ་རྒྱུད་སོགས་དུས་རབས་གསར་པའི་ནང་དོན་འདྲེས་པའི་བརྗོད་བྱའི་ནང་དུ་རང་འགུལ་གྱིས་ཞུགས། “ཐང་ག་རྙིང་པ་མང་ཆེ་བའི་བརྗོད་བྱ་སྲོལ་རྒྱུན་རིག་གནས་ཡིན། ད་ལྟའི་འཚོ་བར་འགྱུར་ལྡོག་བྱུང་བ་དང་ཆབས་ཅིག་ང་ཚོས་དེང་རབས་ཀྱི་འཚོ་བ་མཚོན་པའི་ཐང་གའང་བྲིས་ཆོག”

བརྩོན་པའི་རྒྱུན་བསྐྱངས་པ་ལ་བརྟེན་ནས། སངས་རྒྱས་རྒྱལ་གྱི་བརྩམས་ཆོས་ལ་ཞིང་ཆེན་ཕྱི་ནང་གི་བཟོ་བཀོད་མཛེས་རྩལ་བྱ་དགའ་ཆེན་པོ་མང་ཙམ་ཐོབ་པ་སྟེ། སྔ་གཞུག་ཏུ་རྒྱལ་ཁབ་ཆེན་པོའི་མངོན་མིན་རིག་གནས་ཀྱི་བཟོ་བོ་དང་མཚོ་སྔོན་ཞིང་ཆེན་བཟོ་བཀོད་མཛེས་རྩལ་མཁས་མཆོག “ཁུ་ནུ་རྩེར་སོན་འཇོན་མི། མཚོ་སྔོན་མཐོ་སྒང་བཟོ་བོ།”མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན། མཚོ་སྔོན་ཞིང་ཆེན་གྲོང་གསེབ་བཟོ་བོ་གྲགས་ཅན་སོགས་ཀྱི་མཚན་སྙན་རིམ་པར་ཐོབ། རྨ་ལྷོ་ཁུལ་དུ་ལོ་ངོ་མང་པོར་རྒྱུན་འཛིན་པར་འཚམས་འདྲི་བྱས་པའི་མངོན་མིན་རིག་གནས་སྲུང་སྐྱོང་ལྟེ་གནས་སུ་བྱ་བ་སྒྲུབ་མཁན་ཞིག་གིས་ཁོ་ནི་རེབ་གོང་ཐང་གའི་ཁྱབ་ཁོངས་སུ་སྲོལ་རྒྱུན་གྱི་རྒྱུན་སྐྱོང་བ་དང་གསར་སྐྲུན་གྱི་སྲོག་སྩོལ་བ་ཆ་སྙོམས་སུ་འཛིན་པའི་ཆེས་བཟང་བའི་སྲོག་ཤིང་སྟོབས་ཤུགས་གྲས་ཀྱི་གཅིག་ཡིན་པས། དོན་དམ་པས་ལག་རྩལ་རྙིང་པ་འདིར་མཚོན་ཐབས་གསར་པ་འཚོལ་ཞིབ་བྱེད་བཞིན་ཡོད་ཟེར།

རྒྱལ་ཁམས་འགྲིམས་ནས་མིང་དུ་གྲགས་ཡོད་རུང་། སངས་རྒྱས་རྒྱལ་གྱི་སེམས་པ་ཕ་ཡུལ་ལ་འཁྲེང་ཡོད།

2017ལོར། ཁོ་སེང་གེ་གཤོང་ཡ་མགོ་སྡེ་བར་ཕྱིར་ལོག་ནས་ཐང་གའི་རིག་གནས་དབུལ་སྐྱོར་ཐོན་ལས་ར་བའི་རྟེན་གཞི་བཙུགས།“ཕ་ཡུལ་དང་ཁ་བྲལ་བ་ནི་ནུས་པའི་རྩལ་རྫོགས་ཆེད་ཡིན་ལ། ཕྱིར་ལོག་པ་ནི་ཚང་མ་ཁྲིད་ནས་མཉམ་དུ་མདུན་སྐྱོད་བྱེད་ཆེད་ཡིན།”ཁོས་ཐང་ག་འགྲེམས་སྟོན་ཁང་དུ་བཤམས་ནས་བཞག་ན་མི་འགྲིག་པར། ཡུལ་མི་རྣམས་ཀྱི་གསེར་གྱི་ཅ་ནེ་བཟུང་བའི་གཏིང་ཤུགས་སུ་གྱུར་ན་འགྲིག་པར་འདོད་ཡོད།“ངས་ལག་རྩལ་འདི་ལ་བརྟེན་ནས་ཁ་གསོ་ཐུབ་པར་གྱུར་པས། སྡེ་བའི་ནང་གི་ན་གཞོན་རྣམས་ཀྱང་ཐག་རིང་ལ་འགྲོ་མ་དགོས་པར་རང་ཁྱིམ་གྱི་སྒོ་ཁ་རུ་ནུས་པ་ཞིག་སྦྱངས་ནས་ཁྱིམ་ཚང་གི་ཁ་གསོ་ཐུབ་ཏུ་འཇུག་བསམ་པ་ཡིན”ཟེར།

རྟེན་གཞི་ལས་ནས་གྲུབ་རྗེས། ཁོས་ཐོག་མར་སྒྲུབ་པ་ནི་ཉེ་འཁོར་རོང་འབྲོག་ས་ཁུལ་གྱི་དཔལ་འབྱོར་ལ་དཀའ་ཁག་ཡོད་པའི་ན་གཞོན་མང་པོ་རིན་མེད་སྒོས་སློབ་མར་བསྡུས། སློབ་རིན་མ་བསྡུས་པར་མ་ཟད་རིན་མེད་ཀྱིས་ཟས་ཟ་མ་དང་འདུག་སའི་མལ་ཁང་ཡང་འགན་དུ་བླངས་པས། ན་གཞོན་མང་པོ་ཞིག་གིས་ལོ་ལྔ་དྲུག་ཙམ་ལ་དེ་ནས་སྦྱངས་པ་བྱས།

ལག་རྩལ་རྒྱུན་འཛིན་བྱས་པ་ལས་གཞན། ཁོས་བསྟུད་མར་ཐང་ག་དང་ཤིང་བརྐོས། ལག་ཤེས་བཟོ་རྩལ་རིག་གནས་གསར་སྐྲུན་སོགས་ཀྱི་བཟོ་ཤག་ཕྱེ་ནས། རོང་འབྲོག་ས་ཁུལ་གྱི་ངལ་རྩོལ་པ་ལྷག་མ་དང་གནས་སྤོར་མང་ཚོགས་བསྡུས་ནས་ཉེ་སར་ལས་ཀར་ཞུགས་སུ་བཅུག ཚོང་གི་ལམ་ཁ་ཕྱེ་ཆེད། ཁོ་པེ་ཅིན་དང་ཀོང་ཀྲོའུ་སོགས་ལ་ཐེངས་མང་པོར་སོང་སྟེ་ཁེ་ལས་དང་འབྲེལ་མཐུད་བྱས་ནས་ལོ་ངོ་མང་པོའི་ཉོ་ཚོང་གན་རྒྱ་འཇོག་པ་སོགས་བྱས་ཏེ་རེབ་གོང་ཐང་ག་མཐོ་སྒང་ནས་ཕྱིར་སྐྱོད་དུ་བཅུག

ཐུན་རིན་གྲོང་ཁྱེར་གྱི་སྲིད་གཞུང་སྡེ་ཁག་གི་ལས་བྱེད་པ་ཞིག་གིས། མངོན་མིན་རིག་གནས་ནི་ཡུལ་འདི་རུ་མཚན་སྙན་སྟོང་པ་ཞིག་མ་ཡིན་པར། མང་ཚོགས་ཀྱི་ཁྱིམ་སྐྱོང་དང་ལས་ཞུགས་གཉིས་ཀ་འབྲེལ་བའི་དམངས་འཚོའི་ཐོན་ལས་ཞིག་ཏུ་གྱུར་ཡོད་ཟེར།

རྨ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཐུན་རིན་གྲོང་ཁྱེར་སྲིད་གྲོས་རྒྱུན་ལས་ཨུ་ཡོན་སོགས་ཀྱི་འགན་གཅིག་ལྕོགས་སུ་འཁུར་ཡོད་པའི་སངས་རྒྱས་རྒྱལ་གྱིས་མཚན་སྙན་འདི་དག་གཟི་བརྗིད་དུ་སྒོམ་མེད།“འཐུས་མི་ཞིག་ཡིན་ན་ཚོགས་འདུར་ཞུགས་པ་ཙམ་གྱིས་མི་ཆོག་པར། སྡེ་བའི་ནང་དུ་མང་པོར་འགྲོ་དགོས།” ཁོར་ཁོམ་པ་ཅུང་ཙམ་ཡོད་ན་སྡེ་བའི་ནང་དུ་སོང་སྟེ། སྒྱུ་རྩལ་རྒན་རབས་པ་རྣམས་དང་མཉམ་དུ་རྒྱུན་འཛིན་གྱི་དཀའ་ཁག་སྐོར་གླེང་བ་དང་། ན་གཞོན་རྣམས་ཀྱིས་བཤད་པའི་ལས་ཞུགས་ཀྱི་བསམ་ཚུལ་ལ་མཉན་ནས། མངོན་མིན་རིག་གནས་སྲུང་སྐྱོང་དང་། མང་ཚོགས་ཀྱི་ཡོང་སྒོ་འཕར་བ། མི་རིགས་མཐུན་སྒྲིལ་བཅས་ཀྱི་དངོས་ཡོད་གནད་དོན་རྣམས་གྲོས་གཞིར་དག་སྒྲིག་བྱས་ཏེ་ཚོགས་ཆེན་གཉིས་ཀྱི་སྟེང་དུ་འཁྱེར་བཞིན་ཡོད། ལོ་འདི་དག་གི་རིང་ལ། ཁོས་བཏོན་པའི་ན་གཞོན་ལོ་ཆུང་རྒྱུན་འཛིན་པའི་གསོ་སྐྱོང་ལ་ཤུགས་སྣོན་པ་དང་ཐང་ག་ལས་རིགས་ཀྱི་ཚད་གཞི་གཏན་འབེབས་བྱེད་པ་སོགས་ཀྱི་གྲོས་གཞི་མང་པོ་ཞིག་དངོས་སུ་ལག་བསྟར་བྱས་ཡོད།

ཆུ་འཐུང་སྐབས་འབྱུང་ཁུངས་དྲན་པ་ལྟར། སངས་རྒྱས་རྒྱལ་གྱི་སེམས་སུ་རྟག་ཏུ་ཡུལ་མི་རྣམས་ལ་རོགས་རམ་བྱེད་འདོད་ཡོད། ལོ་ངོ་མང་པོའི་རིང་ལ། ཁོས་རིམ་བསགས་ཀྱིས་སྤྱི་ཕན་ལས་དོན་ཐད་སྒོར་མོ་དང་དངོས་རྫས་བསྡོམས་པས་སྒོར་ཁྲི130ལྷག་ཞལ་འདེབས་སུ་ཕུལ་ནས། དཀའ་ངལ་ཅན་གྱི་ཁྱིམ་ཚང་དང་། ཁྱིམ་བསྐྱུར་བྱིས་པ། རྒན་པ་ཁེར་ཧྲེང་བཅས་ལ་རོགས་སྐྱོར་བྱས། སྡེ་བའི་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་གཏོང་བར་རྒྱབ་སྐྱོར་དང་། སློབ་མ་རྣམས་ཁྲིད་དེ་རིག་གནས་གཞི་རིམ་དུ་སྐྱོད་པ་དང་། མི་རིགས་མཐུན་སྒྲིལ་གྱི་སྒྲོག་འགྲེལ་བྱ་འགུལ་རྒྱུན་དུ་སྤེལ་བཞིན་ཡོད།

“ང་ནི་ས་གཞི་འདིས་དྲིན་གྱིས་བསྐྱངས་པ་ཡིན། ད་ལྟ་ནུས་པ་ཅུང་ཙམ་ཡོད་པས་སྡེ་བར་རོགས་རམ་བྱས་ན་འགྲིག་པ་ལས་དེར་ངོམ་རྒྱུ་བཤད་རྒྱུ་ཅི་ཡང་མེད།”སངས་རྒྱས་རྒྱལ་གྱིས་དེ་ལྟར་བཤད། སེང་གེ་གཤོང་ཡ་མགོ་སྡེ་བའི་ལས་བྱེད་པས་ཁོ་གླེང་དུས། ཁོས་ནམ་ཡང་རྩ་བ་བརྗེད་མེད། སུ་ཞིག་གི་ཁྱིམ་ལ་དཀའ་ངལ་ཡོད་ནས་ཁོ་བཙལ་དུ་འགྲོ་བ་དང་། ཁོས་ཀྱང་གང་ཐུབ་ཅི་ཐུབ་ཀྱིས་རོགས་བྱེད་ཀྱིན་ཡོད་ཅེས་ཚོར་སྣང་ཟབ་མོས་བཤད།

དགོང་མོར་མུན་པ་རིམ་གྱིས་འཐིབས་པ་དང་མཉམ་དུ་རི་མོ་ཁང་དུའང་མུན་པ་འཐིབས། སློབ་མ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་པིར་སྨྱུག་དང་ལག་ཆ་ཚང་མར་བདག་སྐྱོང་བྱས། སངས་རྒྱས་རྒྱལ་སྒྲོག་ཙེའི་མདུན་དུ་བསྡད་དེ་ཚོན་སྣོད་ནང་དུ་ལྷག་པའི་ཚོན་རྫས་རས་འཇམ་ཞིག་གིས་བཀབ། ར་སྐོར་གྱི་ཕྱི་རོལ་ན་དུ་བ་འཕྱུར་བ་དང་། རྒྱང་རིང་དུ་འཐེན་པའི་རོང་བོ་དགུ་ཆུ་དལ་གྱིས་འབབ་ཀྱིན་ཡོད་ལ། ཁོ་རང་བྱིས་དུས་ཐོག་མར་པིར་སྨྱུག་བཟུང་སྐབས་ཀྱི་གནས་སྟངས་དང་ཁྱད་པར་ཅི་ཡང་མེད།

ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་པིར་སྨྱུག་ལག་ནས་དོར་མ་མྱོང་བའི་སངས་རྒྱས་རྒྱལ་གྱིས་བཟོ་བོའི་གོ་རྟོགས་ཀྱིས་མི་རིགས་རིག་གནས་ཀྱི་རྩ་བ་བསྲུངས་ཤིང་། ཐོན་ལས་ལ་བརྟེན་ནས་ཡུལ་མི་རྣམས་ཀྱི་འཚོ་ཚིས་ལ་རོགས་འདེགས་བྱས་ཤིང་ས་ཕྱོགས་གཅིག་ལ་དགེ་བས་དྲོད་སྐྱིད་སྦྱིན། རེབ་གོང་ཞེས་པའི་ཡུལ་གྲུ་འདི་རུ་འོད་འཚེར་བའི་དམངས་ཁྲོད་སྒྱུ་རྩལ་ཡོད་ལ། ཡུལ་འདི་རུ་རྩ་བ་ཚུགས་པའི་རྒྱུན་འཛིན་པ་འདི་ལྟ་བུ་སྐོར་ཞིག་ཡོད་པས། གནའ་བོའི་མངོན་མིན་རིག་གནས་ཤུལ་བཞག་གི་རང་ངོས་ངོ་མ་དེ་སྲུང་ཐུབ་པར་གྱུར་ལ་ལག་རྩལ་གསར་པའང་འཁྲུངས་ཡོད། གྲོང་གསེབ་དར་སྤེལ་གྱི་དྲིལ་རིས་རིང་མོའི་ནང་དུ། རིག་གནས་རྒྱུན་འཛིན་དང་ཐུན་མོང་ཕྱུག་འགྱུར་གཉིས་གཅིག་མཐུན་གཅིག་འདྲེས་ཀྱི་གསོན་ཉམས་ལྡན་པའི་རི་མོ་ཞིག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།