ད་ལོར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སྤུས་ཚད་མཐོ་ཞིང་ཕན་འབྲས་ཆེ་བའི་སྒོ་ནས། རོང་འབྲོག་པའི་སྡོད་ཁང་གི་ཡོམ་འགོག་སྒྱུར་བཀོད་ལས་དོན་ལ་སྐུལ་འདེད་བཏང་སྟེ། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་བདེ་འཇགས་དང་བརྟན་པོ་ཡོང་བར་འགན་ལེན་བྱས་ནས། ཡོང་འབབ་དམའ་བའི་ཚོགས་སྤྱིའི་ཉེན་ཡོད་སྡོད་ཁང་གི་ཡོམ་འགོག་སྒྱུར་བཀོད་དང་། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གི་ཡོམ་འགོག་ནུས་པ་ཆེ་རུ་གཏོང་བའི་ཚོད་ལྟའི་བྱ་བ་ཁྱོན་བསྡོམས་ཁྱིམ་ཚང152ལ་ལག་བསྟར་བྱས་ཡོད་ཅིང་། ཟླ9པའི་ཚེས14ཉིན་བར། ཁྱིམ་ཚང129ཡི་སྡོད་ཁང་སྒྱུར་བཀོད་བྱ་བ་ཡོངས་འགྲུབ་བྱས་ཟིན་པ་དང་། ཟླ10པའི་ཟླ་མཇུག་ཏུ་ཁྱོན་ཡོངས་ནས་སྡོད་ཁང་བསྒྱུར་བཀོད་བྱ་བ་ཡོངས་འགྲུབ་བྱེད་དུ་འཇུག་རྒྱུ་རེད།
མཚོ་བྱང་ཁུལ་གྱིས་ཁྱོན་ཡོངས་ལ་ཁྱབ་པ་དང་གནས་ཡུལ་གཅིག་ཀྱང་མ་བསྐྱུར་མ་ལུས་པའི་སྒོ་ནས་གྲལ་བཤེར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁུལ་དང་རྫོང་། ཞང་། སྡེ་བ་བཅས་རིམ་པ་བཞིའི་སྟོབས་ཤུགས་དང་དེ་བཞིན། སྡེ་སྡོད་ལས་དོན་རུ་ཁག་ལ་གཅིག་གྱུར་འཆར་འགོད་བྱས་ནས། དྲ་སྦྲེལ་རྣམ་པའི་གྲོང་གསེབ་ཀྱི་སྡོད་ཁང་བདེ་འཇགས་ཀྱི་འགལ་རྐྱེན་ལ་གྲལ་བཤེར་གང་ལེགས་བྱས་ཏེ། གྲོང་གསེབ་སྡོད་ཁང་གི་ཡོམ་འགོག་དང་འབྲེལ་བའི་ཞན་ཆ་ཁྱོན་ཡོངས་ནས་ཤེས་སུ་བཅུག ཆ་རྐྱེན་ལོན་པའི་རོང་འབྲོག་པའི་ཁྱིམ་ཚང 152དེ2026ལོའི་སྡོད་ཁང་གི་ཡོམ་འགོག་སྒྱུར་བཀོད་ལས་འགན་ནང་བཅུག་ཡོད་ཅིང་། དེའི་ནང་ཡོང་འབབ་དམའ་བའི་ཚོགས་སྤྱིའི་ཉེན་ཡོད་སྡོད་ཁང་གི་ཡོམ་འགོག་སྒྱུར་བཀོད་ཁྱིམ་ཚང49དང་། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གི་ཡོམ་འགོག་ནུས་པ་ཆེ་རུ་གཏོང་བའི་ཚོད་ལྟའི་ལས་དོན་ཁྱིམ་ཚང103བསྒྲུབས་ཡོད། “ཁྱིམ་ཚང་གིས་རེ་ཞུ་དང་སྡེ་བས་དཔྱད་འཇོག ཞང་གིས་ཞིབ་བཤེར། རྫོང་གིས་ཞིབ་མཆན་འགོད་པ”བཅས་ཀྱི་བརྒྱུད་རིམ་དོན་འཁྱོལ་ནན་མོ་བྱས་ནས། ཁྱིམ་ཚང་རེ་རེ་བཞིན་གཅིག་ཀྱང་མ་ལུས་པའི་སྒོ་ནས་རྩིས་ཐོ་བཟོ་བ་དང་། “ཁྱིམ་ཚང་རེ་རེར་ཡིག་ཚགས་གཅིག”གི་དཔྱད་གཞི་འཐུས་ཚང་དུ་བཏང་ནས། གཞི་གྲངས་ཁ་གསལ་ཡིན་པ་དང་ཁ་གཏོད་ཕྱོགས་གནད་ལ་འཁེལ་བ། དཔྱད་གཞི་ཚད་ལྡན་ཡིན་པ་བཅས་ཡོང་བར་རྩེ་གཅིག་ཏུ་འབད་ཀྱིན་ཡོད།
དུས་མཚུངས་སུ། ཁུལ་ཡོངས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་དང་དམ་པོར་སྦྲེལ་ནས། གྲོང་གསེབ་ཀྱི་སྡོད་ཁང་ཡོམ་འགོག་སྒྱུར་བཀོད་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱས་ཏེ། ལོ་འཁོར་གྱི་ལས་འགན་ཞིབ་ཕྲ་བཟོ་བ་དང་འཛུགས་སྐྲུན་གྱི་ཚད་གཞི་ཁ་གསལ་བཟོ་བ། དུས་ཚོད་ཀྱི་མཚམས་ཚིགས་ཇེ་དམ་དུ་གཏོང་བ། ལག་བསྟར་ཇུས་གཞི་པར་འགྲེམས་བཅས་བྱས། གཅིག་སྡུད་ལས་སྒོའི་གསོ་སྦྱོང་དང་ཡིག་ཐོག་ལྟ་སྐུལ་བཀོད་སྒྲིག རྒྱུན་རྣམ་ཅན་གྱི་འོག་ཏུ་ལྟ་སྐུལ་མཛུབ་སྟོན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། གཞི་རིམ་གྱི་ལས་སྒོའི་ཞན་ཆ་ཁ་གསབ་དང་། ལས་གཞི་རེ་ཞུ་དང་ཨར་ལས་འཛུགས་སྐྲུན། སྤུས་ཚད་དང་ལྟ་སྐུལ། དོ་དམ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་ཚད་ལྡན་དུ་བཏང་སྟེ། སྒྱུར་བཀོད་ལས་འགན་གོ་རིམ་ལྡན་ལ་ཤེད་ཤུགས་འཛོམས་པའི་ངང་སྤེལ་བར་སྐུལ་འདེད་གཏོང་བཞིན་ཡོད།