ཉེ་ཆར། ད་ལོའི་སྐོར་ཐེངས་དང་པོའི་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལག་ཆ་གསར་པའི་མ་དངུལ་གཏོང་འཇོག་བྱེད་འགོ་བརྩམས། རིག་ནུས་བཟོ་སྐྲུན་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གཞི་ཁག་གཅིག་ལ་སྔ་གཞུག་ཏུ་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་པ་དང་། ད་ལྟ་གང་མགྱོགས་སྒོས་ལག་བསྟར་བྱེད་བཞིན་ཡོད་པ་དང་། ཕན་ནུས་ལྡན་པའི་དངུལ་གཏོང་རྒྱ་བསྐྱེད་པར་སྐུལ་འདེད་བཏང་།
ཀྲེ་ཅང་རུའེ་ཨན་དུ། རྒྱལ་ཁབ་ཀྱི་ནུས་ཁུངས་གསར་པའི་རླངས་འཁོར་གྱི་གཙོ་གནད་ལས་གཞི་སྟེ། རིག་ནུས་དཔྱང་སྒྲོམ་ཐོན་ལས་ཅན་གྱི་ལས་གཞི་ད་ལྟ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་འགོ་བརྩམས་ནས། རྒྱལ་ནང་གི་ནུས་ཁུངས་གསར་པའི་རླངས་འཁོར་གཞི་སྒྲོམ་གྱི་ཐོན་ལས་མུ་ཕྲེང་གི་ཞན་ཆ་བསྐོངས། འདིའི་སྔོན། ལས་གཞི་འདི་ད་རུང་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་འབོར་ཆེན་དགོས་པར་སེམས་ཁྲལ་བྱེད་ཀྱི་ཡོད། འོན་ཀྱང་ཉིན་འགའི་སྔོན། ཕྱིར་གཏོང་ནང་འདྲེན་དངུལ་ཁང་གི་མ་དངུལ་སྒོར་དུང་ཕྱུར1དོན་འཁྱོལ་བྱུང་སྟེ། ད་ལོའི་རྒྱལ་ཡོངས་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལག་ཆ་གསར་པའི་རྒྱབ་སྐྱོར་ལས་གཞི་ཁག་དང་པོར་གྱུར་བ་དང་། མ་དངུལ་ཚང་མ་ལས་གཞིའི་མ་དངུལ་ཁ་གསབ་ཐད་སྤྱད་པས། རང་བདག་མ་དངུལ་འདང་ངེས་གྱུར་བ་དང་ཆབས་ཅིག དངུལ་བསྲེའི་ཡིད་རྟོན་ཡང་ཆེས་ཆེར་འཕར།
ཀྲེ་ཅང་ཀེ་ཨར་ཏེ་རིག་ནུས་དཔྱང་སྒྲོམ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་གཞོན་པ་ཝང་ཞའོ་ཡན་གྱིས་བཤད་རྒྱུར། འདི་ལྟར་བྱས་ན་ང་ཚོས་ཀྱང་མ་དངུལ་འདི་མ་རྩར་བརྩིས་ནས་ལས་གཞིའི་སྨད་རྒྱུད་སྐུལ་འདེད་གཏོང་ཆོག ལས་གཞིའི་དངུལ་བུན་གྱི་མ་དངུལ་སྐུལ་ཁྲིད་བྱེད་ཆོག འདི་ལས་ཕྱོད་ཆེ་བ་མ་ཟད་མ་རྩའི་འགྲོ་སོང་ཡང་ཉུང་།
སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལག་ཆ་གསར་པ་ནི་རྒྱལ་ཁབ་ཀྱིས་འཐབ་ཇུས་གལ་ཆེན་ལ་རྒྱབ་སྐྱོར་བྱེད་པ་དང་གཙོ་གནད་ལས་གཞིའི་མ་དངུལ་ཁ་གསབ་བྱེད་ཆེད་གསར་དུ་བཙུགས་པའི་དངུལ་རྩའི་ལག་ཆ་ཡིན། མ་རྩའི་འདེགས་སྐུལ་ལ་བརྟེན་ནས་དངུལ་གཏོང་སྤྱི་འབོར་ཇེ་མང་དུ་གཏོང་བ་དང་། དངུལ་གཏོང་གྲུབ་ཚུལ་ལེགས་སྒྱུར་བྱེད་པ་རེད། རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་། ཞིང་ལས་འཕེལ་རྒྱས་དངུལ་ཁང་། ཕྱིར་གཏོང་ནང་འདྲེན་དངུལ་ཁང་བཅས་ཀྱིས་གཏོང་འཇོག་བྱེད་རྒྱུའི་འགན་འཁུར་ཡོད།
ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་ཀྲེ་ཅང་ཞིང་ཆེན་ཡན་ལག་དངུལ་ཁང་གི་འགོ་གཙོ་གཞོན་པ་ཨོའུ་ལིན་གྱིས་བཤད་རྒྱུར། གཙོ་བོར་སྲོལ་རྒྱུན་ཐོན་ལས་ཀྱི་གྲངས་འཛིན་ཅན་ཚུལ་སྒྱུར་དང་། ལྗང་མདོག་ཐཱན་ཉུང་ནུས་ཁུངས། མི་ཐབས་རིག་ནུས་དཔེ་སྟོན་བེད་སྤྱོད་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་སུ་གཏོང་འཇོག་བྱས་ནས། ལས་གཞིའི་འཛུགས་སྐྲུན་གྱི་འགྲུབ་ཚད་འགན་སྲུང་ནུས་ལྡན་བྱས།
རྒྱལ་ཁབ་གསར་སྤེལ་དངུལ་ཁང་ཧུའུ་པེ་ཞིང་ཆེན་ཡན་ལག་དངུལ་ཁང་མཁོ་མཁན་ཁྲུའུ་གཉིས་པའི་མཁོ་མཁན་སྤྱི་གཉེར་བ་ཏིང་ཏུང་གིས་བཤད་རྒྱུར། དམངས་གཉེར་ཁེ་ལས་ལ་གཟིགས་སྐྱོང་བྱེད་ཤུགས་ཇེ་ཆེ་རུ་བཏང་ནས། སྔ་ཚེར་དངུལ་གཏོང་བྱེད་པ་དང་། མགྱོགས་མྱུར་དངུལ་གཏོང་བྱེད་པ། མང་ཙམ་དངུལ་གཏོང་བྱེད་པ་བཅས་བྱས་ཏེ། དངུལ་གཏོང་དང་ཡིད་རྟོན་དངུལ་བུན་བར་མཐུན་སྦྱོར་མཉམ་ལས་ཐུབ་པར་བྱེད་དགོས།
ཧུའུ་པེ་ཝུའུ་ཧན་དུ། དམངས་གཉེར་ཁེ་ལས་འདིས་མ་རྐང་ནང་ཞུགས་བྱས་པའི་མྱུར་བགྲོད་གཞུང་ལམ་དེའང་རྒྱལ་ཡོངས་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལག་ཆ་གསར་པའི་རྒྱབ་སྐྱོར་ལས་གཞིར་གྱུར་ཡོད། ལས་གཞི་འདི་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས། ཝུའུ་ཧན་གྲོང་ཁྱེར་མུ་ཁྱུད་ཁོངས་གཏོགས་པའི་གྲོང་ཁྱེར་བར་གྱི་འབྲེལ་བ་སྔར་ལས་དམ་ཟབ་ཏུ་བཏང་ནས། ཟོང་འགྲུལ་དུས་ཚོད་དང་མ་རྩའི་འགྲོ་སོང་ཇེ་དམའ་རུ་གཏོང་རྒྱུ་རེད།
ཝུའུ་ཧན་གྲོང་ཁྱེར་མུ་ཁྱུད་སྐོར་ལམ་མྱུར་བགྲོད་གཞུང་ལམ་ཅང་ཞ་ནས་ལེང་ཙེ་ཧུའུ་བར་གྱི་ལམ་དུམ་གྱི་འགན་འཁུར་བ་ཧུའུ་ཀྲི་ཧུང་གིས་བཤད་རྒྱུར། སྒོར་ཐེར་འབུམ་བདུན་ཡས་མས་ཀྱི་འཛུགས་སྐྲུན་ལས་གཞིའི་སྤྱིའི་དངུལ་གཏོང་སྐུལ་འདེད་གཏོང་ཐུབ། མ་དངུལ་འབྱོར་རྗེས། ད་ལོའི་དངུལ་གཏོང་འཛུགས་སྐྲུན་དམིགས་འབེན་སྤུས་ཚད་མཐོ་བའི་ངང་ལེགས་འགྲུབ་ཡོང་བར་འགན་སྲུང་བྱེད་དགོས།
མིག་སྔར། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལག་ཆ་གསར་པ་ཡུན་ནན་དང་། ཧྥུ་ཅན། སི་ཁྲོན་སོགས་ས་ཁུལ་མང་པོར་གཏོང་འཇོག་ཇེ་མགྱོགས་སུ་གཏོང་བཞིན་ཡོད། ད་ལོའི་སྤྱིའི་དངུལ་གཏོང་གཞི་ཁྱོན་ནི་ན་ནིང་གི་སྒོར་ཁྲག་ཁྲིག་ལྔ་ནས་སྒོར་ཁྲག་ཁྲིག་བརྒྱད་དུ་འཕར་བ་དང་། སྔོན་དཔག་བྱས་པ་ལྟར་ན། དེས་སྒོར་རབ་བཀྲམ་གཅིག་གི་ལས་གཞིའི་སྤྱིའི་དངུལ་གཏོང་གཞི་ཁྱོན་སྐུལ་འདེད་གཏོང་ཐུབ།