ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་བོད་ལྗོངས་དང་ཡུན་ནན་དུ་སོང་ནས་སློབ་སྦྱོང་དང་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས6ཉིན་ནས་ཚེས12ཉིན་བར་དུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་བོད་རང་སྐྱོང་ལྗོངས་དང་ཡུན་ནན་ཞིང་ཆེན་དུ་སོང་ནས། རྒྱལ་དབང་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་དང་དེ་བཞིན་དམངས་ཆེན་གྱི་ལྟ་སྐུལ་ལས་དོན་ལ་དམིགས་ཏེ་ཡུལ་དངོས་ནས་སློབ་སྦྱོང་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་གིས་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་དང་སྨན་གླིང་གྲོང་ཁྱེར། ཡུན་ནན་ཞིང་ཆེན་གྱི་ཧུང་ཧོ་ཧ་ཉི་རིགས་དང་དབྱི་རིགས་རང་སྐྱོང་ཁུལ། ཕུའུ་ཨེར་གྲོང་ཁྱེར་སོགས་སུ་སོང་ནས། རྒྱལ་དབང་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་དང་རྫ་སའི་ཐོན་ཁུངས་བེད་སྤྱོད། ལོ་རྒྱུས་ཤུལ་བཞག་གི་རྒྱལ་དབང་རྒྱུ་ནོར། ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་རྒྱུ་ནོར་དོ་དམ། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་གཞན་སྒྱུར་བེད་སྤྱོད་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་ནས། ཡུན་ནན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་རྒྱལ་དབང་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་གཙང་བཤེར་ཐོ་འགོད་དང་སྲུང་སྐྱོབ་བེད་སྤྱོད། རིན་ཐང་ཚུལ་སྒྱུར། སྙན་ཞུའི་ལམ་ལུགས། དམངས་ཆེན་ལྟ་སྐུལ་སོགས་ཐད་ཀྱི་ཉམས་མྱོང་དང་བྱེད་ཐབས་ལ་རྒྱུས་ལོན་ཞིབ་མོ་བྱས། ཡུལ་དངོས་ལྟ་སྦྱོང་དང་བགྲོ་གླེང་དང་བསམ་བློ་བརྗེ་རེས་བྱས་པ་བརྒྱུད། རྟོག་ཞིབ་ཚན་ཆུང་གིས་ཡུན་ནན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་སྔོན་ཐོན་བྱེད་ཐབས་དང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་སློབ་སྦྱོང་ནན་ཏན་བྱས་པར་མ་ཟད། ས་གནས་ཀྱི་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་བྱ་བར་དམིགས་ཏེ་བཞུགས་མོལ་དང་བསམ་བློ་བརྗེ་རེས་བྱས།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཡུན་ནན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་དམངས་ཆེན་གྱི་ཕུན་སུམ་ཚོགས་པའི་ལག་ལེན་དང་ལས་ཀའི་ཉམས་མྱོང་གིས། མཚོ་སྔོན་ཞིང་ཆེན་དམངས་ཆེན་གྱིས་རྒྱལ་དབང་རྒྱུ་ནོར་ལ་ལྟ་སྐུལ་སོགས་ཀྱི་ལས་དོན་སྤེལ་རྒྱུར་དཔེ་མཚོན་དང་དཔྱད་གཞི་ཡག་པོ་མཁོ་འདོན་བྱས་ཡོད་ཅིང་།  བོད་ལྗོངས་དང་ཡུན་ནན་ནས་སྦྱངས་པའི་རྒྱལ་དབང་རྒྱུ་ནོར་དོ་དམ་དང་ལྟ་སྐུལ་གྱི་སྔོན་ཐོན་ཉམས་མྱོང་མཚོ་སྔོན་དུ་ཁྱེར་ནས། སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། རང་རེའི་ཞིང་ཆེན་གྱི་རྒྱལ་དབང་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་གནས་ཚུལ་སྙན་ཞུ་དང་ལྟ་སྐུལ་གྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབས་ནས། དམངས་ཆེན་གྱི་རྒྱལ་དབང་རྒྱུ་ནོར་ལ་ལྟ་སྐུལ་གདེང་འཇོག་བྱེད་པའི་དམིགས་ཚད་མ་ལག་འཐུས་ཚང་དུ་བཏང་སྟེ། རྒྱལ་དབང་རྒྱུ་ནོར་ལ་ལྟ་སྐུལ་བྱེད་པའི་དམིགས་འབེན་རང་བཞིན་དང་ཚད་ལྡན་རང་བཞིན། དངོས་ཕན་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། སྤུས་ཚད་མཐོ་བའི་ལྟ་སྐུལ་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།