འཛམ་གླིང་ཡང་རྩེ་རུ་ཚེ་སྲོག་གི་སྲུང་ཡོལ་བསྐྲུན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝུའུ་ཐིན་དབྱི་ཡིས་མཚོ་བོད་མཐོ་སྒང་དུ་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ་མཐོ་སྒང་ནད་འགོག་བཅོས་ཀྱི་ལས་ལ་རྩེ་གཅིག་ཏུ་གཞོལ་ཏེ། འཛམ་གླིང་ཡང་རྩེ་རུ་ཚེ་སྲོག་གི་སྲུང་ཡོལ་བསྐྲུན།

ཝུའུ་ཐིན་དབྱི་ཡིས་ནད་ཁང་དུ་ནད་པར་འཚམས་འདྲི་བྱེད་པ།

ཝུའུ་ཐིན་དབྱི། 1934ལོར་སྐྱེས། ཤིན་ཅང་དབྱི་ལི་ནས་ཡིན། ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་དང་། “བདུན་གཅིག་གཟེངས་རྟགས”ཐོབ་མཁན་ཡིན། རང་རྒྱལ་གྱི་དབྱང་དབུགས་དམའ་བའི་སྐྱེ་ལུགས་དང་མཐོ་སྒང་གསོ་རིག་གི་ཆེད་མཁས་གྲགས་ཅན།  མཐོ་སྒང་གསོ་རིག་བྱ་གཞག་གི་སྲོལ་འབྱེད་མཁན་བཅས་ཡིན།  ལོ་མང་རིང་མཐོ་སྒང་ནད་སྔོན་འགོག་གི་གཞུང་ལུགས་ཞིབ་འཇུག་དང་ནད་ཐོག་ལག་ལེན་ལ་གཞོལ་ཏེ། “བོད་མི་མཐོ་སྒང་དུ་འཕྲོད་པའི་སྐྱེ་ལུགས་རིག་པའི”ཞིབ་འཇུག་གསར་དུ་བཏོད་པ་དང་། བུལ་ནད་རང་བཞིན་གྱི་མཐོ་སྒང་ནད་གྲངས་འབོར་ཅན་བརྟག་དཔྱད་མ་ལག་བཟོས་པ་མ་ཟད་རྒྱལ་སྤྱིའི་ཐོག་ཁས་ལེན་ཐོབ་ནས་ཚད་གཞི་རུ་བླངས། མཚོ་བོད་ལྕགས་ལམ་གྱི་མཐོ་སྒང་ནད་དཔྱད་བཅོས་འགན་སྲུང་ལས་ཀར་སྣེ་ཁྲིད་དེ།  མཚོ་འཕགས་མཐོ་བའི་བཟོ་སྐྲུན་གལ་ཆེན་ཁྲོད་དྲག་ནད་རང་བཞིན་གྱི་མཐོ་སྒང་ནད་ཀྱིས་ཤི་བའི་མི་གཅིག་ཀྱང་མ་བྱུང་བའི་གསོ་རིག་གི་དམིགས་འབེན་མངོན་འགྱུར་བྱས།
 མཚོ་སྔོན་ཟི་ལིང་གི་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་གཞུང་སྒྲུབ་ཁང་གི་སྒོ་མོ་ཡངས་པོར་ཕྱེས་འདུག   ཅོག་ཙེ་སྟེང་དུ་རྒྱུ་ཆ་རི་རབ་བཞིན་སྤུངས་ཤིང་། དགུང་ལོ་དགུ་ཅུ་ལ་བཞེས་པའི་ཝུའུ་ཐིན་དབྱི་ཡིས་རིག་གཞུང་སྙན་ཞུ་ལ་བློ་ཞིབ་མོས་བཟོ་བཅོས་བྱེད་བཞིན་ཡོད།  ཉི་ཟེར་སྒེའུ་ཁུང་བརྒྱུད་དེ་ཁོང་གི་ལག་རྒྱབ་ཏུ་སྔོན་ཆད་འཁྱགས་ཕྱིད་ཐེབས་པའི་རྨ་ཤུལ་སྟེང་འཕྲོས་ཤིང་།  ཁོའི་མདུན་གྱི་བམ་བརྩེགས་སུ་སྤུངས་རྟོག་ཞིབ་རྒྱུ་ཆའི་སྟེང་དུ་འཕྲོས་འདུག  མཐོ་སྒང་གསོ་རིག་ལ་ལོ་བཅུ་ཕྲག་རིང་ཞིབ་འཇུག་བྱས་རིང་ལ། ཁོས་མཐོ་སྒང་ནད་ཀྱི་རྐྱེན་རྩ་གསལ་བོར་རྟོགས་པ་ནས་མཐོ་སྒང་ཁམས་གསོ་ཡི་དགོངས་གཞི་བཏོན་པའི་བར་དུ།  ཝུའུ་ཐིན་དབྱི་ཡིས་མཐོ་སྒང་གི་གསོ་རིག་གིས་དམངས་ཡོངས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུ་བའི་ལམ་བུ་གསར་པ་ཞིག་ཕྱེས།

གངས་ལྗོངས་ཀྱི་ཡངས་པའི་ས་གཞི་རུ་གོམ་གྱིས་གཞལ་ཏེ་མཐོ་སྒང་ནད་བརྟག་དཔྱད་ཐད་ལ་རྒྱལ་སྤྱིའི་ཚད་གཞི་བཏོན། 

དུས་རབས20པའི་ལོ་རབས50བའི་མཇུག་ནས་ལོ་རབས60པའི་མགོར། ཚྭ་འདམ་གཞུང་ཐོན་ཁུངས་རྩད་ཞིབ་གསར་སྤེལ་ལ་སོགས་པའི་རྒྱལ་ཁབ་ཀྱི་དགོས་མཁོ་བསྐང་ཕྱིར། མཚོ་སྔོན་དུ་གཞི་རྒྱ་ཆེ་བའི་དེང་རབས་ཅན་འཛུགས་སྐྲུན་གྱི་ཚ་རླབས་དྲག་པོ་འཕྱུར། ཕུགས་སེམས་ཅན་གྱི་ན་གཞོན་མང་པོ་ཞིག་གིས་རྒྱལ་ཁབ་ཀྱི་བཀའ་བརྡ་དང་དུ་བླངས་ཏེ། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་མཚོ་བོད་མཐོ་སྒང་གི་ཕྱོགས་སུ་གོམ་ཁ་བསྒྱུར། ཝུའུ་ཐིན་དབྱི་ནི་ཕུགས་སེམས་ཅན་གྱི་ན་གཞོན་དེ་དག་ནང་གི་གཅིག་རེད།

མཚོ་སྔོན་དུ་ཐོག་མར་འབྱོར་དུས་ཝུའུ་ཐིན་དབྱིས་ཡིས་མཐོ་སྒང་དུ་འབྱོར་མ་ཐག་པའི་འཛུགས་སྐྲུན་མཁན་གཅིག་རྗེས་གཉིས་འཕྲོར་མགོ་ན་ཞིང་། ཟུག་གཟར་ཆེན་པོས་མཚན་ལ་གཉིད་མི་ཐུབ་པའི་ནད་རྟགས་བྱུང་བ་མ་ཟད། ལ་ལ་ཞིག་གློ་བུར་དུ་སར་འགྱེལ་ཏེ་གཞི་ནས་ལངས་རྒྱུ་མེད་པའི་གནས་ཚུལ་མང་པོ་ཞིག་མཐོང་མོད། སེམས་ལ་ན་ཟུག་བཟོད་བརླག་མེད་པ་ཞིག་སྐྱེས།

གནམ་གྲུའི་མེ་སྒྱོགས་ཀྱིས་མ་ཐུབ་པ་ཞིག་ས་འདིའི་ནད་མཚར་བོས་ཐུབ། འདི་ནི་མཐོ་སྒང་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་དུ་ཡོང་བའི་མཐོ་སྒང་ནད་ཕོག་པའི་འཐབ་མོ་བ་ཞིག་གིས་ཝུའུ་ཐིན་དབྱི་ལ་བྱེད་པའི་སྐད་ཆ་ཞིག་རེད།  སྐད་ཆ་དེ་ནི་མདའ་མོ་ཞིག་དང་འདྲ་བར་ཝུའུ་ཐིན་དབྱིའི་སྙིང་ཁར་རྡིབ་པ་ལྟར་ན་ཟུག་ལངས་ལ།  སྐད་ཆ་དེའི་རྐྱེན་གྱིས་ཁོ་རང་མཐོ་སྒང་གསོ་རིག་ཞིབ་འཇུག་གི་ལས་ལ་གཞོལ་བ་རེད། 

སྐབས་དེར་ཀྲུང་གོའི་མཐོ་སྒང་གསོ་རིག་ཞིབ་འཇུག་གི་ཆ་དེ་སྟོང་ཆར་ལུས་ཡོད། དཔྱད་གཞིའི་ཡིག་རིགས་གཅིག་ཀྱང་མེད་པ་མ་ཟད།  ནད་དེའི་མིང་གསལ་བོ་ཤེས་མཁན་ཡང་མི་འདུག ཝུའུ་ཐིན་དབྱི་ཡིས་དེ་ལྟར་མེད་པ་ཞིག་ནས་མགོ་བརྩམས་ཏེ་གནད་འཚོལ། དུས་རབས20བའི་ལོ་རབས80བའི་ནང་དུ། ཝུའུ་ཐིན་དབྱིས་དཔུང་སྡེ་བཙུགས་ཏེ། མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སོགས་འབྲོག་ཁུལ་དུ་སྐྱོད་དེ། ལོ་ངོ10ལྷག་རིང་གི་མཐོ་སྒང་ནད་ཡོངས་བཤེར་གྱི་མགོ་བརྩམས།

ལམ་མེད་ན་རྟར་བྱོན་ཞིང་། ཁྲག་དབྱང་ཞིབ་དཔྱད་ཆས་དང་། སྙིང་འཕར་གློག་རིས་སོགས་གཡག་ལ་བཀལ་ཏེ། ཉིན་རེར་ལེ་དབར་ལྔ་བཅུ་ནས་དྲུག་ཅུའི་བར་བསྐྱོད་པ་དང་། མཚན་མོར་བསླེབས་དུས་སྣུམ་སྒྲོན་བཀར་ནས་རྒྱུ་ཆ་ལེགས་སྒྲིག་ལ་བྲེལ།

དང་ཐོག་འབྲོག་པ་རྣམས་ཀྱིས་ཁྲག་ལེན་པར་མི་འདོད་རུང་། ཝུའུ་ཐིན་དབྱི་ལ་བྲེལ་བྲེལ་འཚུབ་འཚུབ་ཀྱི་ཉམས་སྣང་ཅི་ཡང་མེད། ཁོས་བོད་ལྭ་གྱོན་ཞིང་བོད་སྐད་བསླབ། འབྲོག་པའི་སྦྲའི་ནང་དུ་སྐྱིལ་གྲུང་དུ་བསྡད་དེ་མཉམ་དུ་ཁྱིམ་ཚང་གི་དོན་དག་ཙག་ཙིག་གླེང་། དེ་ལྟར་ཡུན་རིང་སོང་རྗེས་འབྲོག་པ་རྣམས་ཀྱིས་ཀྱང་རང་འགུལ་གྱིས་ཕུ་ཐུང་ཡར་བརྫེ་ཏེ། “སྨན་པ། ད་ཁྱེད་ཀྱིས་ཁྲག་ལོངས།”ཞེས་བཤད་བྱུང་། རྒྱང་དུ་ཝུའུ་ཐིན་དབྱི་མཐོང་འཕྲལ་མདུན་དུ་ཕྱིན་ནས“རྟ་རྒྱབ་ཀྱི་སྨན་པ་བཟང་པོ”ཞེས་འབོད།

དེ་ལྟ་ན་ཡང་གོམ་པ་རེ་རེ་དེ་འདྲའི་སླ་མོ་ཞིག་ག་ནས་ཡིན།

ཐེངས་ཤིག་དབུས་ལམ་ཉག་ག་ནས་ཉེན་ཁ་ཆེན་པོ་ཞིག་ལ་འཕྲད། 1982ལོར་ཝུའུ་ཐིན་དབྱི་ཅེ་ཕུ་རླངས་འཁོར་བསྡད་དེ་སྨན་བཅོས་ཞིབ་བཤེར་དུ་བསྐྱོད་སྐབས། ལམ་ཕྲང་དོག་ལ་ལམ་ངོས་ཤུད་སླ་བ་ཞིག་ཏུ་བསླེབས་དུས་རླངས་འཁོར་གློ་བུར་དུ་གཞོགས་སུ་ཤུད་དེ་གཟར་ངོས་སུ་ལྷུང་ནས་མགོ་རྟིང་སློག རླངས་འཁོར་ནང་གི་ཝུའུ་ཐིན་དབྱི་ཡིས་འཁོར་རྟེན་དམ་པོར་བཟུང་སྟེ། རླངས་འཁོར་ཇི་ལྟར་མགོ་རྟིང་སློག་ཀྱང་ལུས་པོ་ཕྱིར་གཡུག་མ་ཐུབ། རླངས་འཁོར་བསྡད་རྗེས་ཁོའི་ལུས་ཡོངས་ཁྲག་གིས་འཚོས་ཡོད་པར་མ་ཟད། ལུས་ཀྱི་རུས་པ་མང་པོ་ཞིག་ཆག་གྲུམ་དུ་བཏང་ལ། ཚུལ་དེ་ལམ་འགྲོ་བ་ཞིག་གིས་མཐོང་ནས་ཁོ་རང་བསྐྱབས་པ་རེད།  

ལོ་དུ་མའི་རྗེས་སུ། ཝུའུ་ཐིན་དབྱི་ཡིས་རྒྱུན་དུ་སྐབས་དེའི་གནས་ཚུལ་གླེང་རྒྱུར་དགའ། ཁོས་ང་སྐྱོབ་མཁན་གྱི་འབྲོག་པ་དེ་སུ་ཡིན་པ་མི་ཤེས། ཡིན་ན་ཡང་དྲིན་དེ་ནམ་ཡང་བདག་གི་སེམས་ལ་ཉར་ཡོད་ཟེར། ལོ་དུ་མའི་རིང་ལ། ཁོས་ཞབས་རྗེས་མཚོ་སྔོན་དང་བོད་ལྗོངས། སི་ཁྲོན། ཀན་སུའུ་སོགས་སུ་ཁྱབ་ཡོད་ཅིང་། སྔ་རྗེས་སུ་སྐྱེ་ལུགས་ནད་རྐྱེན་གྱི་གཞི་གྲངས་འབུམ་ལྷག་འཚོལ་སྡུད་བྱས། ཁོས་ཀྲུང་གོར་མཐོ་སྒང་ནད་ཀྱི་གློ་བུར་ཆུ་གསོག་པའི་ནད་ཀྱི་ངོས་ནས་ཕྱོགས་བསྡུས་སྙན་ཞུ་ཐོག་མ་ཞུས་པ་དང་། རྒྱལ་ནང་དུ“དར་མའི་མཐོ་སྒང་རང་བཞིན་གྱི་སྙིང་ནད”ཅེས་པ་ཐོག་མར་བསྒྲགས་པ་དང་ཆབས་ཅིག  གློ་བའི་འཕར་རྩའི་ཁྲག་ཤེད་ནི་རྩ་བའི་ན་ལུགས་གྱི་ནང་རྐྱེན་ཞིག་རེད་ཅེས་བསྡོམས་ཚིག་བཀོད་པ་དང་།  ཀྲུང་གོའི་མཐོ་སྒང་གསོ་རིག་ཞིབ་འཇུག་ཁང་ཐོག་མ་བཙུགས་ནས་ལོ་ངོ་སྟོང་ཕྲག་རིང་ལ་འཚོ་བའི་བོད་པའི་ལུས་ཕུང་འཕེལ་འགྱུར་གྱི་ཐུན་མིན་ཁྱད་ཆོས་ཏེ་གསོ་རླུང་དམའ་བའི་འཕྲོད་མཐུན་ནུས་པ་ཞིག་ཡོད་པ་ལུང་གིས་བསྒྲུབས།

2005ལོར་ཁོས་བུལ་ནད་རང་བཞིན་གྱི་མཐོ་སྒང་ནད་གྲངས་འབོར་ཅན་བརྟག་དཔྱད་མ་ལག་བཙུགས་པ་དེ་རྒྱལ་སྤྱིའི་མཐོ་སྒང་གསོ་རིག་མཐུན་ཚོགས་ཀྱིས་འཛམ་གླིང་ཧྲིལ་བོའི་སྤྱི་སྤྱོད་ཀྱི་ཚད་གཞི་རུ་བླངས། ད་ལྟའི་བར་དུ།  མི་ལ་འཇིགས་སྣང་སྟེར་ཞིང་ནད་གཞི་འདི་རེད་ཅེས་འགྲེལ་བ་རྒྱག་ཐབས་མེད་པའི་ནད་དེ་མཐའ་མཇུག་ཚད་འཇལ་དང་མཚན་ཉིད་འཇོག་རྒྱུ་ཡོད་པ། གོ་བ་ལེན་རྒྱུ་ཡོད་པའི་ཚད་གཞི་ཞིག་ཏུ་གྱུར།

མཚོ་བོད་ལྕགས་ལམ་འཛུགས་སྐྲུན་སྲུང་སྐྱེལ་དང་། ཚེ་སྲོག་ལ་སྲུང་རགས་སྲ་མོ་བསྐྲུན། 

2001ལོར་མཚོ་བོད་ལྕགས་ལམ་གྱི་དུས་ཐེངས་གཉིས་པ་སྟེ་ན་གོར་མོ་ནས་ལྷ་སའི་བར་གྱི་ལྕགས་ལམ་འདིང་མགོ་བརྩམས། 

ལམ་ཐིག་ཡོངས་ཀྱི་མཚོ་འཕགས་མཐོ་ཚད་སྨི4500ཡི་ཡན་ན་ཡོད་ཅིང་། དབྱང་དབུགས་འདུས་ཚད་བདེ་ཐང་གི་ཕྱེད་ཀ་ལས་ཟིན་གྱི་མེད། སྐབས་དེར་མཚོ་བོད་ལྕགས་ལམ་གྱི་དུས་ཐེངས་གཉིས་པའི་བཟོ་སྐྲུན་གྱི་ས་མཐོའི་གསོ་རིག་ཆེད་མཁས་ཚོགས་ཆུང་གི་ཚོགས་གཙོའི་འགན་བཞེས་པའི་ཝུའུ་ཐིན་དབྱིའི་མདུན་དུ་གནད་དོན་ཞིག་ལྷགས་ཡོང་པ་ནི། ས་མཐོའི་གྲང་ངར་ཆེ་ཞིང་དབྱང་རླུང་དཀོན་པའི་ཁོར་ཡུག་ཧ་ཅང་ཉམས་ང་བའི་འོག་འཛུགས་སྐྲུན་པ་འབུམ་ལྷག་ཙམ་གྱིས་བསྟུད་མར་ལོ་ཤས་རིང་ལ་དེ་གར་འབད་འཐབ་བྱེད་དགོས་པས་དེ་དག་གི་ཚེ་སྲོག་གི་བདེ་ཐང་ལ་ཇི་ལྟར་སྲུང་སྐྱོང་བྱེད་དགོས་པ་དེ་རེད། འཛམ་གླིང་གི་ས་མཐོའི་གསོ་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་བལྟས་ཚེ། འདི་ལྟ་བུའི་གཞི་ཁྱོན་ཆེ་ཞིང་། ས་མཐོར་ཨར་ལས་ཡུན་རིང་བྱེད་པར་འགན་ལེན་ཐུབ་སོང་བ་དཔེ་ཞིག་བཙལ་ཀྱང་རྙེད་རྒྱུ་མེད། 

ཝུའུ་ཐིན་དབྱི་ཡིས་སེམས་སུ་མཐོ་སྒང་ནད་ཀྱིས་བཟོ་བ་གཅིག་ཀྱང་མཆི་ལམ་དུ་བརྫངས་མི་རུང་ཞེས་མནའ་བོར།

ཁོས་ཚོགས་པའི་སྣེ་ཁྲིད་དེ་ཆེས་དཀའ་ཚེགས་ཆེ་བའི་ལས་གནས་སུ་འཛུལ། མེ་རླུང་རིའི་ཕུག་ལམ་ནི་མཚོ་འཕགས་སྨི4905ན་ཡོད་པ་དང་མཁའ་རླུང་ཧ་ཅང་སྲབ་པའི་དབང་གིས་མེ་ཆའང་སྦར་མི་ཐུབ། གདང་ལ་རིའི་ཉག་གའི་མཚན་མོའི་དྲོད་གྲང་ཧྲེ་ཧྲི་ཏུའུ40ཡས་མས་ཡིན། ཁོང་གིས་ས་ཆ་དེ་དག་ཏུ་སྨན་བཅོས་ས་ཚིགས་བཙུགས་ནས་བཟོ་པ་དང་མཉམ་ཟ་མཉམ་སྡོད་བྱས།

བཟོ་པ་ཚོས་འཇོར་འཕྱར་ནས་ས་རྐོ་བྱེད་སྐབས་ཁོང་དང་ཚོགས་པས་གམ་དུ་ཁྲག་གི་དབྱང་རླུང་ཚད་ལེན་དང་སྙིང་འཕར་ཕྱོད་ཟིན་ཐོར་ཇི་བཞིན་ཟིན་ཐོར་བཏབས། ཉིན་གསོག་ཟླ་གསོག་བྱས་པའི་སྐྱེ་ལུགས་ཀྱི་གཞི་གྲངས་འབོར་ཆེན་ཁོང་གིས་ཟིན་དེབ་ཀྱི་ངོས་ན་སྐེ་ཚེ་ཡི་འབྲུ་གཏོར་བ་བཞིན་བཀྲམས་འདུག ། ཁོང་གིས“མཐོ་གནོན་དབྱང་ཚང་དང་། སྨན་རྫས་སྨན་བཅོས། སྐས་རིམ་འཚམ་འཕྲོད”ཟུང་འབྲེལ་གྱི་ཕྱོགས་བསྡུས་འགོག་བཅོས་མ་ལག་བཙུགས་པ་མ་ཟད། ད་དུང་རང་རྒྱལ་གྱི《ས་མཐོའི་ནད་འགོག་བཅོས་ཕྱོགས་སྟོན》ཐོག་མ་གཙོ་སྐྱོང་གནང་ནས་བཟོས་པ་རེད།

མཚོ་བོད་ལྕགས་ལམ་ལས་ན་གོར་མོ་ནས་ལྷ་སའི་བར་གྱི་དུས་ཡུན་ལོ5ཡི་འཛུགས་སྐྲུན་ཁྲོད་ཝུའུ་ཐིན་དབྱིས་བཙུགས་པའི་སྨན་བཅོས་འགན་ལེན་མ་ལག་ལ་བརྟེན་ནས་ལམ་བཟོ་མཁན་འབུམ་གཅིག་ལྷག་ཙམ་གྱི་ཁྲོད་དུ་དོས་དྲག་རང་བཞིན་གྱི་ས་མཐོའི་ནད་ཀྱིས“ཤི་བ་གཅིག་ཀྱང་མ་བྱུང”བས། འཛམ་གླིང་གསོ་རིག་གི་ངོ་མཚར་ཞིག་རེད་ཅེས་གཟི་བརྗིད་དང་བཅས་སྨྲས་ཆོག་ཆོག་རེད།

མཚོ་བོད་ལྕགས་ལམ་ཤར་གཏོང་བྱས་པའི་རྒྱབ་དུ། ཝུའུ་ཐིན་དབྱིས་འཚོལ་ཞིབ་ཀྱི་གོམ་སྟབས་མཚམས་མ་བཞག་པར་ཞིབ་འཇུག་གི་ཁ་ཕྱོགས་དེ་ཨར་སྐྲུན་ལས་གྲྭ་གསར་པ་སྟེ་ཁྲོན་བོད་ལྕགས་ལམ་ཐོག་ཕྱོགས་སུ་བསྲིངས་པ་རེད།

སི་ཁྲོན་ཁྲེང་ཏུའུ་ནས་བོད་ལྗོངས་ཉིང་ཁྲིར་སྐྱོད་པའི་ལྕགས་ལམ་དེའི་ལམ་ཐིག་ཧྲིལ་པོའི95%ཙམ་ཕུག་ལམ་དང་ཟམ་པ་ལས་གྲུབ་པ་དང་། མི་མེད་ཁུལ་ཁག་གཅིག་གི་ས་བབ་སྨི4500ཟིན་པས་དབྱང་རླུང་དཀོན་པའི་གནད་དོན་སྔར་བཞིན་ཛ་དྲག་ཆེ། 

ཝུའུ་ཐིན་དབྱིས་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ཁྲོད་བསགས་པའི་ས་མཐོའི་ནད་འགོག་བཅོས་ཀྱི་ཉམས་མྱོང་དེ་ཁྲོན་བོད་ལྕགས་ལམ་གྱི་ཨར་ལས་བྱ་ཡུལ་དུ་སྤྱད་པས་དོས་དྲག་རང་བཞིན་གྱི་ས་མཐོའི་ནད་དང་ས་མཐོའི་ནད་ཚབས་ཆེན་ཕོག་པའི་མི་གྲངས་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད་པ་རེད།

གསོ་རིག་གི་ཚད་ཐིག་རྒྱ་སྐྱེད་དེ་མཐོ་སྒང་ཁམས་གསོ་འཕེལ་རྒྱས་ཀྱི་ལམ་བུ་གསར་དུ་བཏོད། 

མཚོ་སྔོན་ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ནད་ཀྱི་ཆེད་ལས་སྨན་ཁང་དུ་ཡོན་ཀྲང་གཞོན་པ་ཀྲུའུ་ཧྥང་དབྱིས་གཞོན་དུས་རིག་གཞུང་རྩོམ་ཡིག་འཁྱེར་ནས་ཝུའུ་ཐིན་དབྱི་གམ་སོང་ནས་ཁོང་ལ་སློབ་སྟོན་གནང་རོགས་ཞུས་པའི་འདས་དོན་གླེང་། དེ་ནི1996ལོ་རེད། ཀྲུའུ་ཧྥང་དབྱི་སློབ་གྲྭ་ནས་མཐར་ཕྱིན་མ་ཐག་རེད།“དགེ་རྒན་ཝུའུ་ལགས་ཀྱིས་དཔྱད་རྩོམ་ནང་གཟབ་ནན་མིན་པའི་ཆ་རེ་རེ་བཞིན་ང་ལ་སློབ་སྟོན་གནང་། ཁ་བྲལ་ཁར་ང་ལ་ས་མཐོའི་ནད་ཀྱི་ཞིབ་འཇུག་ཡག་པོ་སྒྲུབ་ན་ངེས་པར་དུ་གཞི་རིམ་དུ་བསྐྱོད་དགོས་པ་ལས་ཚོད་ལྟ་ཁང་ཁོ་ནར་སྡོད་མི་རུང་ཞེས་བརྗོད་མྱོང”ཞེས་ཀྲུའུ་ཧྥང་དབྱིས་སྐད་ཆ་དེ་ད་ལྟའི་བར་མ་བརྗེད་པར་སེམས་ལ་ཉར་ཡོད་ཟེར།

ཀྲུའུ་ཧྥང་དབྱིས“ས་མཐོའི་ཁམས་གསོ”ཞེས་པ་དེ་ད་ཆ་ས་མཐོའི་གསོ་རིག་ལས་རིགས་སུ་རྒྱུས་མངའ་ཡོད་པའི་ཐ་སྙད་ཅིག་ཏུ་གྱུར་ཡོད། དེ་ནི་ཝུའུ་ཐིན་དབྱིས་བློ་སྒོ་ཕྱེ་བ་ལ་བརྟེན་ནས་ལས་བྱུང་ཞིག་རེད། ལོ་བཅུ་ལྷག་གི་སྔོན་ཞིག་ལ་སྨན་ཁང་ནང་ཁུལ་དུ་ཚོགས་པའི་བགྲོ་གླེང་ཚོགས་འདུའི་ཐོག་ཝུའུ་ཐིན་དབྱིས་ལྟ་ཞིབ་དང་བསམ་གཞིག་ཐད་ནས་བླང་བྱ་བཏོན། དེ་ནི་ས་མཐོའི་གསོ་རིག་གི་ཞིབ་འཇུག་དེ་དབྱང་རླུང་དཀོན་པ་ལས་བྱུང་བའི་ནད་རིགས་སྣ་ཚོགས་ལ་དམིགས་དགོས་མོད།  ས་མཐོར་འཚོ་བ་སྐྱེལ་མཁན་འབྲོག་པའི་ལུས་པོ་ཧ་ཅང་དར་ལ།  སེམས་ཤུགས་ཆེ་བ་མ་ཟད། ཁྲག་ཚིལ་ཁྲག་ཧྭགས་ཚང་མ་དམའ་སའི་ས་ཁུལ་གྱི་མི་ལས་ཀྱང་གཏན་འཇགས་ཡིན་པས། ས་མཐོའི་ཁོར་ཡུག་གིས་མིའི་ལུས་ཕུང་ལ་གནོད་པ་ཁོ་ན་ལས་ཕན་མེད་དམ་ཞེས་དྲི་བ་བཏོན་མྱོང་བ་དེ་རེད།

རིག་གཞུང་ལས་རིགས་ཀྱིས་དུས་ཡུན་རིང་པོར་སྣང་མེད་དུ་བཞག་པའི་དོགས་གཞི་དེ་ཝུའུ་ཐིན་དབྱིའི་སེམས་སུ་འཁོར། ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་ས་མཐོའི་ཕྱོགས་གང་སར་བསྐྱོད་དེ་ཁྲག་ལེན་དང་། ཁྲག་ཤེད་ཚད་ལེན། ཟིན་ཐོ་འགོད་པ་བཅས་ཀྱི་ལས་ཀར་ལྷོད་མེད་ཀྱིས་རྒྱུན་བསྐྱངས། ཚོད་ལྟ་ཁང་གི་གློག་སྒྲོན་ནམ་ཡང་འོད་འཚེར་འཚེར་བྱེད་ལ། གཞི་གྲངས་ཀྱི་བང་མཛོད་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན། 2007ལོར《ས་མཐོའི་ཁོར་ཡུག་གིས་མིའི་ལུས་ཕུང་ལ་ཕན་འདོགས་ཐུབ་པའི་ཞིབ་འཇུག》ཅེས་པའི་རྩོམ་ཡིག་དེ《གསོ་རིག་ཞིབ་འཇུག་དུས་དེབ》ཐོག་བཀོད་དེ་འོས་འཚམ་དང་ཚད་རན་པོའི་གསོ་རླུང་ཉུང་ངུ་ཡིས་མིའི་ལུས་ཕུང་གི་བརྗེ་ཚབ་ལ་ཐེ་གཏོགས་ཐུབ་པར་ཕན་པས། བདེ་ཐང་གི་རིན་ཐང་ལྡན་པའི་ཐད་ལ་རིགས་པས་ཁུངས་སྐྱེལ་ནས་སྤྱི་བསྡོམས་བྱས་ཡོད།

ཝུའུ་ཐིན་དབྱིས“དཔེ་སྲིད་པ”མང་པོ་ཞིག“གཏན་འཁེལ”བྱེད་དགོས་ན་ད་དུང་ལག་ལེན་ཁྲོད་དུ་ལན་འཚོལ་དགོས་པ་གསལ་པོ་ཤེས་ཀྱི་ཡོད།

མཚོ་སྔོན་སྟོད་པ་རྒྱལ་ཁབ་ས་མཐོའི་ལུས་རྩལ་སྦྱོང་བརྡར་རྟེན་གཞི་དེ་མཚོ་འཕགས་སྨི2388ན་ཡོད་པས། “གསེར་གྱི་རྟགས་མ་ཐོབ་མཁན་གྱི་འབྱུང་ཁུངས”ཞེས་འབོད་ཀྱི་ཡོད། རྒྱལ་སྤྱིའི་འགྲན་བསྡུར་ཆེ་མོ་འཚོགས་ཐེངས་རེར་རྒྱལ་ནང་གི་བཟོད་ནུས་ཅན་གྱི་ལུས་རྩལ་རྣམ་གྲངས་ཀྱི་ལུས་རྩལ་པ་མང་པོ་ཞིག་དེ་གར་སྦྱོང་བརྡར་དུ་ཡོང་ནས་འགྲན་བསྡུར་ལ་གྲ་སྒྲིག་བྱེད་ཀྱིན་ཡོད།

ཀྲུའུ་ཧྥང་དབྱིས་འདི་སྐད། “ས་མཐོའི་ཁམས་གསོ་ཡི་ལྟེ་བའི་ལམ་སྲོལ་ནི་གསོ་རླུང་ཉུང་བར་གོམས་པའི་ལུས་སྟོབས་སྦྱོང་ཆེད་ཡིན། ས་མཐོའི་དམིགས་བསལ་གྱི་ས་བབ་དང་། གསོ་རླུང་ཉུང་བའི་ཁོར་ཡུག དམིགས་བསལ་གྱི་ནམ་ཟླ་དང་དེ་བཞིན་སྐྱེ་ཁམས་གྱི་ཐོན་ཁུངས་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་སྤྱད་དེ་གསོ་རླུང་ཉུང་བའི་ཚོར་བསྟུན་སྦྱོང་བརྡར་དང་། འགུལ་སྐྱོད་ཐེ་གཏུགས། འཚོ་བཅུད་སྙོམས་འཛིན། སེམས་ཁམས་སྙོམས་སྒྲིག་སོགས་ཀྱི་ལག་ཐབས་དང་ཟུང་འབྲེལ་ཐོག མིའི་ལུས་ཁམས་ཀྱི་མི་མངོན་པའི་ནུས་པ་སྐུལ་སློང་དང་། བརྗེ་ཚབ་ཀྱི་ཐབས་ལམ་སྙོམས་སྒྲིག་བྱས་ན་མིའི་ལུས་ཁམས་ཀྱི་བདེ་ཐང་སྲུང་སྐྱོང་དང་ནད་རིགས་འགའ་འགོག་བཅོས་བྱེད་ཐུབ”ཞེས་ཟེར། 

2024ལོར་སྐབས་དང་པོའི་ས་མཐོའི་གསོ་རིག་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཐོག་ཝུའུ་ཐེན་དབྱིས “མཚོ་འཕགས་སྨི1500ནས་སྨི2500བར་དང་། ནང་སྒོས་སུ་མཚོ་འཕགས་སྨི2000ནས་སྨི2250བར་གྱི་མཐོ་ཚད་ནི་མིའི་ལུས་ཁམས་ལ་ཧ་ཅང་ཕན་པའི་མཐོ་ཚད་ཡིན་ཞེས”ས་བབ་ཀྱི་ཚད་གཞི་འདི་བཏོན་པ་རེད།

ཚད་གཞི་དེར་གཞིགས་ན། ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་སུ་མཚོ་བོད་ས་མཐོའི་ཁམས་གསོ་ལྟེ་གནས་བསྐྲུན་ཡོད་ཅིང་། དེ་གས་གཅོང་ནད་ཕོག་མཁན་སྟོང་ཕྲག་ལྷག་ཙམ་གྱི་ཁྲག་ཧྭགས་ཁྲག་ཚིལ་སྙོམས་སྒྲིག་ལ་རོགས་བྱེད་ཀྱིན་ཡོད། མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་གིས་ནགས་ཚལ་ཁམས་གསོ་རྟེན་གཞི་དང་བོད་ལུགས་གསོ་རིག་གི་སྨན་རྫས་ལ་བརྟེན་ནས་ཁམས་གསོའི་ཐོན་ལས་འཕེལ་རྒྱས་བཏང་བར“རྒྱལ་ཡོངས་ཀྱི་གསོ་བཅོས་ཟུང་འབྲེལ་གྱི་དཔེ་སྟོན་རྫོང་རྫོང”གི་དཔང་དངོས་ཐོབ། སྐབས་གསུམ་པའི་ས་མཐོའི་ཁམས་གསོ་གླེང་སྟེགས་ཐོག《ས་མཐོའི་ཁམས་གསོ་རྒྱབ་ཤ་སྔོན་པོའི་དེབ(2026)》དངོས་སུ་ཡོངས་བསྒྲགས་བྱས་ཤིང་། ཡོན་ཧྲི་མང་པོས་ཐབས་འདོན་ཇུས་འདོན་བྱས་ཏེ་ཁམས་གསོའི་ཐོན་ལས་ཚད་ལྡན་ཅན་འཕེལ་བར་ཁ་ཕྱོགས་གཏན་འཁེལ་བྱས།

ཝུའུ་ཐིན་དབྱིས“ངེས་པར་དུ་གཞི་རིམ་དུ་བསྐྱོད་དགོས”ཞེས་པའི་སྐད་ཆ་དེ་རྟག་ཏུ་ངག་ནས་རང་དབང་མེད་པར་ཤོད་ཀྱིན་ཡོད། འབྲོག་པའི་སྦྲ་གུར་ནང་དུ་ཁོང་གི་ནད་བརྟག་ཞིབ་འདྲི་ཡི་གཟུགས་བརྙན་ཡོད་ཅིང་། ཚོད་ལྟ་ཁང་དུ་ལོ་མང་རིང་བསགས་པའི་གཞི་གྲངས་ཡོད་ལ། དབྱར་སྒར་གྱི་ནང་དུའང་ཁོང་གིས་གཞོན་ནུ་ལོ་ཆུང་གི་ཁམས་གསོ་ལ་དོ་སྣང་བྱས་མྱོང་བའི་ཞབས་རྗེས་ཡོད།

གོམ་པ་རེ་རེ་ས་མཐོའི་གཞི་རུ་ཚུགས་པའི་འཚོལ་ཞིབ་ཀྱི་ལམ་བུའི་ཐོག ཝུའུ་ཐིན་དབྱི་སྔར་བཞིན་མདུན་དུ་སྐྱོད་བཞིན་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།