མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོའི་གཏེར་ལྔ་སྡེ་ཚོགས་ཀྱིས་བྱ་བའི་བཞུགས་མོལ་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས14ཉིན། ཞིང་ཆེན་སྲིད་གཞུང་དང་ཀྲུང་གོའི་གཏེར་ལྔ་སྡེ་ཚོགས་ཚད་ཡོད་ཀུང་ཟི་གཉིས་ཀྱིས་ཟི་ལིང་དུ་བྱ་བའི་བཞུགས་མོལ་བྱས་ཏེ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱེད་པ།   ཀྲུང་དབྱང་དང་ས་གནས་ཀྱིས་མཉམ་ལས་བྱེད་པ་དང་། དྲི་བ་གཅིག་ལ་ལན་མཉམ་འདེབས་བཅས་བྱས་ནས། ཚྭ་མཚོའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་དང་།  ཀྲུང་གོའི་གཏེར་ལྔ་སྡེ་ཚོགས་ཀྱི་སྤྱི་གཉེར་པ་ཀྲུའུ་ཁུ་པིན་གཉིས་བྱ་བའི་བཞུགས་མོལ་ལ་ཞུགས་པར་མ་ཟད་གཏམ་བཤད།  ཀྲང་ཅིན་ཀང་གིས་འགོ་འཛིན་བྱས།

ཚོགས་འདུ་ལས་བསྟན་དོན།  འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བསྩལ་བའི་འགན་འཁྲི་གལ་ཆེན་ཞིག་ཡིན། ན་ནིང་ཀྲུང་གོའི་ཚྭ་མཚོའི་བཟོ་ལས་སྡེ་ཚོགས་བཙུགས་པ་ནས་བཟུང་།   ཀྲུང་དབྱང་དང་ས་གནས་ཀྱིས་རོགས་ལས་བྱེད་པའི་བརྩེགས་སྣོན་ཕན་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། སྒྲིག་སྲོལ་རྐྱེན་སྲོལ་བསྐྱར་སྒྲིག་ལ་གཏན་འཇགས་སྒོས་སྐུལ་འདེད་བཏང་ཞིང་།   ཐོན་ལས་གཙོ་བོའི་ལས་གཞི་འགག་སྒྲོལ་ཐོད་བརྒལ་བྱུང་ལ།   ཁེ་ལས་ཀྱིས་ཐོན་སྐྱེད་གཉེར་སྐྱོང་གི་མ་རྩ་ཇེ་དམའ་དང་ཕན་ནུས་ཇེ་ཆེར་སོང་བ་མ་ཟད།   ཁེ་ལས་རྩེ་གྲའི་ཁྲིད་སྟོན་ལ་བརྟེན་ནས་ཚྭ་མཚོའི་ཐོན་ལས་ཀྱི་མུ་ཕྲེང་སྟོབས་ཆེར་གཏོང་བ་དང་མུ་ཕྲེང་གསབ་པ། མུ་ཕྲེང་སྣུར་སྲིང་བྱེད་པ་བཅས་ལ་སྐུལ་ཁྲིད་བྱེད་པའི་ཕན་འབྲས་མངོན་གསལ་དུ་གྱུར་ནས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་ཐད་འཕེལ་རིམ་གསར་པ་དང་ཐོད་བརྒལ་གསར་པ་བྱུང་།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་སླེབས་པ་ན། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུ་དེ་གསར་དར་རྣམ་པའི་བཟོ་ལས་ཅན་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ།  བསམ་བཀོད་གཅིག་གི་བསམ་བློར་བརྟེན་ནས་ཚྭ་མཚོའི་ཐོན་ལས་ཀྱི་རྩེར་སོན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ལ་གཅིག་འདོམས་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་དང་ཐོན་ཁུངས་ནུས་ཁུངས་བདེ་འཇགས་ལ་སྲུང་སྐྱོང་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།  ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ་དང་།   སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། ལྗང་མདོག་ཅཱ་དང་ལྗང་མདོག་ལིས། ལྗང་མདོག་མཱེ་བཅས་ཀྱི་ཐོན་རྫས་རབ་དང་རིམ་པ་བསྐྲུན་པ།  ཚྭ་མཚོ་དང་རྒྱུ་ཆ་གསར་པ་མཉམ་འབྲེལ་གྱི་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་མ་ལག་བསྐྲུན་པ་བཅས་བྱས་ཏེ། ཐོན་ལས་མུ་ཕྲེང་དེ་ཟུར་སྣོན་རིན་ཐང་མཐོ་བའི་ཁྱབ་ཁོངས་སུ་རྒྱ་བསྐྱེད་པར་སྐུལ་སྤེལ་བྱེད་དགོས།  ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་བ་དང་། ནུས་རིམ་མཐོ་བའི་ཚྭ་མཚོའི་ཚན་རྩལ་གསར་གཏོད་སྟེགས་བུ་བསྐྲུན་པ།  ཚོད་ལྟའི་གསོ་སྐྱོང་དང་ལག་རྩལ་རིམ་སྤོར། ཐོན་ལས་ཅན་དོན་འཁྱོལ་བཅས་ཀྱི་མུ་ཕྲེང་ཧྲིལ་བོ་བཏོད་པ། ཐོག་མའི་གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་གྲུབ་འབྲས་སྔར་ལས་མང་པོ་མཚོ་སྔོན་དུ་དོན་འཁྱོལ་བྱེད་པར་སྐུལ་སྤེལ་བྱེད་པ་བཅས་བྱས་ནས། ཚྭ་མཚོའི་ཐོན་ལས་དེ་ཐོན་ཁུངས་སྐུལ་འདེད་ནས་གསར་གཏོད་སྐུལ་འདེད་ཕྱོགས་སུ་མགྱོགས་མྱུར་ངང་ཚུལ་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས།  མཚོ་སྔོན་གྱི་ལྗང་གློག་དགེ་མཚན་ལ་བརྟེན་ནས་ཚྭ་མཚོའི་ཐོན་ལས་དང་དག་གཙང་ནུས་ཁུངས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།   ལྗང་གློག་ཐད་སྦྲེལ་གྱི་དཔེ་སྟོན་ལས་གཞི་མགྱོགས་མྱུར་ངང་དོན་འཁྱོལ་བྱེད་པ། ནུས་ཤུགས་ཆེན་པོས་ལྗང་མདོག་ཐོན་རྫས་གསར་སྤེལ་དང་ལྗང་མདོག་བཟོ་གྲྭ་འཛུགས་སྐྲུན། ལྗང་མདོག་ཐོན་ལས་མུ་ཕྲེང་བསྐྲུན་པ། ལྗང་མདོག་ཐོན་ལས་ཚད་གཞི་གསོ་སྐྱོང་བྱེད་པ་བཅས་བྱས་ནས། ཚྭ་མཚོའི་ཐོན་ལས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས།   རྒྱུན་རྣམ་ཅན་གྱི་བྱ་བའི་སྦྲེལ་མཐུད་སྐུལ་འདེད་རྐྱེན་སྲོལ་དོན་འཁྱོལ་བྱེད་པ་དང་།   ཐོན་ལས་བཀོད་སྒྲིག་དང་ཐོན་ནུས་འཆར་འགོད། ཚད་གཞི་འཛུགས་སྐྲུན།  བདག་རྐྱེན་འགན་སྲུང་བཅས་ལ་གཅིག་འདོམས་བྱེད་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ། འགན་འཁྲིའི་མུ་ཕྲེང་ཇེ་དམ་དུ་གཏོང་བ།  ཀྲུང་དབྱང་དང་ས་གནས་ཀྱི་བྱ་བའི་སྒྲིལ་ཤུགས་གཅིག་བསྡུས་བྱེད་པ་བཅས་བྱས་ནས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་གྱི་སྤུས་འདེགས་རིམ་སྤོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།