རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲའོ་ཧུང་མཚོ་སྔོན་དུ་ཡོང་ནས་དགུ་གསུམ་སློབ་ཚོགས་ཀྱི་རྒྱལ་ཡོངས་ལས་ཁུངས་འཛུགས་སྐྲུན་གྱི་བྱ་བའི་ཚོགས་འདུར་ཞུགས་པར་མ་ཟད་རིག་གནས་ཡུལ་སྐོར་མཉམ་འདྲེས་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ9པའི་ཚེས8ཉིན་ནས་ཚེས12ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧྲའོ་ཧུང་མཚོ་སྔོན་དུ་ཡོང་ནས་དགུ་གསུམ་སློབ་ཚོགས་ཀྱི་རྒྱལ་ཡོངས་ལས་ཁུངས་འཛུགས་སྐྲུན་གྱི་བྱ་བའི་ཚོགས་འདུར་ཞུགས་པར་མ་ཟད་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་བྱ་བར་རྟོག་ཞིབ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་རྟོག་ཞིབ་ལ་ཞུགས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོས་ཚོགས་ཐོག་ཏུ་ཤིས་ཚིག་ཕུལ། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཞུའེ་ཡིས་ཚོགས་ཐོག་ཏུ་གཏམ་བཤད།

ཧྲའོ་ཧུང་གིས་དགུ་གསུམ་སློབ་ཚོགས་རྒྱལ་ཡོངས་ལས་ཁུངས་འཛུགས་སྐྲུན་གྱི་བྱ་བའི་ཐད་ནས་བླངས་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། དུས་ཡུན་རིང་པོར། དགུ་གསུམ་སློབ་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ལས་ཁུངས་འཛུགས་སྐྲུན་དེ་རང་ངོས་འཛུགས་སྐྱོང་གི་བྱེད་ཐབས་གལ་ཆེན་དུ་བརྩིས་ཤིང་། ཆུ་ཚད་མཐོ་བའི་ལས་ཁུངས་འཛུགས་སྐྲུན་བྱ་རྒྱུ་དེ་དམིགས་འབེན་དུ་བྱས་ནས། རྩེ་རིམ་ཇུས་འགོད་དང་མ་ལག་གི་འཆར་འགོད་ལ་ཤུགས་བསྣན་པ་དང་། ཡུན་རིང་བྱས་རྗེས་འཇོག་པ་དང་བསྟུད་མར་ཤུགས་འདོན་བྱས་ལ། སློབ་ཚོགས་ཡོངས་ཀྱི་རིམ་པ་སོ་སོའི་ལས་ཁུངས་ཀྱིས་མུ་མཐུད་དུ་གྲུབ་འབྲས་གསར་བ་ལེན་པ་དང་སྣང་བརྙན་གསར་བ་མངོན་པར་སྐུལ་འདེད་བཏང་སྟེ། སྲིད་ཞུགས་ལས་སྒྲུབ་ཀྱི་སྤྱི་ཡོངས་ལ་ནུས་ལྡན་གྱིས་ཞབས་འདེགས་ཞུས།  དུས་རབས་གསར་བ་དང་ལས་འགན་གསར་བའི་རྒྱབ་ལྗོངས་ཆེན་མོར་དམིགས་ནས། དགུ་གསུམ་སློབ་ཚོགས་ཀྱི་རིམ་པ་སོ་སོའི་ལས་ཁུངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་གི་བླང་བྱ་གསར་བའི་སྤྱི་ཡོངས་ཁྲོད། རང་ངོས་འཛུགས་སྐྱོང་གི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། སྲིད་ཞུགས་ཏང་གི་ལས་ཁུངས་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པའི་རེ་བ་བཅངས་ཡོད།  གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་ནས། སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། ཁ་ཕྱོགས་དམ་འཛིན་ནན་མོ་བྱེད་པ། ཆབ་སྲིད་འཛུགས་སྐྲུན་དེ་ཐོག་མཐའ་བར་གསུམ་དུ་གོ་གནས་གཙོ་བོར་འཇོག་པ་དང་། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་ཤེས་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས་ལ། ལས་ཁུངས་འཛུགས་སྐྲུན་ལེགས་པོ་བྱེད་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་བཅས་སྔར་ལས་ཆེ་རུ་བཏང་ནས།  ལས་ཁུངས་འཛུགས་སྐྲུན་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་བསྐྱོད་པར་ཁག་ཐེག་བྱ་དགོས། སློབ་སྦྱོང་བརྗེ་རེས་བྱེད་པའི་གོ་སྐབས་དམ་འཛིན་བྱེད་པ་དང་། བདེན་འཚོལ་དངོས་གཉེར་གྱི་སྤྱོད་ཚུལ་ལེགས་པོ་དར་སྤེལ་གཏོང་བ། དངོས་གཉེར་བརྗེ་རེས་དང་། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔེ་ལྟོས་བྱེད་པ། ཉམས་མྱོང་བཟང་པོ་དང་བྱེད་ཐབས་ལེགས་པོ་མཉམ་སྤྱོད་བྱེད་པ་དང་། ཕན་ཚུན་བློ་སྐྱེད་ཐོབ་པ་དང་སྐྱོན་སྤངས་དགེ་སྒྲུབ་བཅས་བྱས་ཏེ། གྲུབ་འབྲས་བརྗེ་རེས་དང་བློ་རྒྱ་བསྐྱེད་པའི་ཕན་འབྲས་དངོས་ཐོབ་པར་བྱ་དགོས། ཤེས་རྟོགས་སྔར་ལས་མཐོ་རུ་གཏོང་བ་དང་། ཚོགས་འདུའི་བརྗོད་དོན་ལ་དམིགས་ནས་བགྲོ་གླེང་ཟབ་མོ་བྱེད་པ། རང་འཁྲིའི་བྱ་བར་ཟུང་འབྲེལ་གྱིས་བསམ་ཚུལ་ངོ་མ་འདོན་པ་དང་། སློབ་ཚོགས་གོང་འོག་ཚང་མས་ལས་ཁུངས་འཛུགས་སྐྲུན་མཉམ་འཛིན་དང་འགན་སྒྲུབ་ནུས་སྐྱེད་ལ་མཉམ་སྐུལ་བྱེད་པའི་བསམ་བློའི་ཐུན་མོང་ངོས་འཛིན་དང་འགུལ་སྐྱོད་ཀྱི་མཉམ་ཤུགས་གཅིག་བསྡུས་བཅས་བྱས་ཏེ། སློབ་ཚོགས་ཡོངས་ཀྱི་ལས་ཁུངས་འཛུགས་སྐྲུན་ཀྱི་རྣམ་པ་གསར་བ་ཧུར་ཐག་གིས་བཏོད་དགོས།

པད་གོས་ཡིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚབ་བྱས་ནས་ཚོགས་འདུ་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྟོག་ཞིབ་ཚན་ཆུང་མཚོ་སྔོན་དུ་ཡོང་ནས་རྟོག་ཞིབ་མཛུབ་སྟོན་བྱེད་པར་དགའ་བསུ་ཞུས། ཁོས་བཤད་རྒྱུར། དུས་ཡུན་རིང་པོར། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གིས་དགུ་གསུམ་སློབ་ཚོགས་ཀྲུང་དབྱང་དང་ས་གནས་ཀྱི་མཉམ་འབྲེལ་རྟོག་ཞིབ་དང་དགུ་གསུམ་སློབ་ཚོགས་ཀྱི་ཡོན་ཧྲིའི་བྱ་བའི་ས་ཚིགས། དགུ་གསུམ་སློབ་ཚོགས་ཀྱི་ཡོན་ཧྲིའི་ཆེད་མཁས་པས་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བ་སོགས་ཀྱི་ཐེག་ནུས་བརྒྱུད་དེ། ཚན་རིག་ཤེས་བྱ་ཁྱབ་གདལ་དང་སྨན་བཅོས་སློབ་གསོ་རོགས་སྐྱོར་སོགས་ཀྱི་ཁྱབ་ཁོངས་སུ་མཚོ་སྔོན་ལ་རྒྱབ་སྐྱོར་ཆེན་པོ་བྱས། ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་བ་མཚོ་སྔོན་དུ་ལག་བསྟར་བྱེད་སྐབས། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམ་པོར་དམིགས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་མཐོ་སྒང་གི་སྐྱེ་ཁམས་སླར་གསོ། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སོགས་ཀྱི་བརྗོད་གཞི་གཙོ་བོར་དམིགས་ནས། ལས་ཡུལ་དང་པོར་རྟོག་ཞིབ་ཟབ་མོ་བྱས་པ་དང་། ཐབས་འདོན་ཇུས་འབུལ་ནན་མོ་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བློ་གྲོས་དང་སྟོབས་ཤུགས་ཕུལ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་དགུ་གསུམ་སློབ་ཚོགས་ཀྱི་བྱ་བ་སྣ་ཚོགས་ལ་སྔར་བཞིན་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ལས་ཁུངས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དམ་འཛིན་ནན་མོ་བྱེད་པར་རྒྱབ་སྐྱོར་དང་། རྒྱུན་རྣམ་ཅན་གྱིས་རྟོག་ཞིབ་འགན་སྒྲུབ་དང་སྤྱི་ཚོགས་ཞབས་ཞུ་སྤེལ་ཏེ། མཐུན་སྒྲིལ་འཆམ་མཐུན་དང་ལག་རྡང་སྦྲེལ་ནས་དཔའ་སྐྱེད་མདུན་སྐྱོད་བྱེད་པའི་ཏང་མང་མཉམ་ལས་ཀྱི་རྣམ་པ་ལེགས་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་རྒྱུ་ཡིན།

ཚོགས་འདུའི་སྟེང་། མཚོ་སྔོན་དང་པེ་ཅིང་། ཧྲན་ཞི། ལེའོ་ཉིང་། ཀྲེ་ཅང་། ཧྲན་ཏུང་། ཧུའུ་པེ། ཀོང་ཏུང་། ཁྲུང་ཆིང་། ཉིང་ཞ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་དགུ་གསུམ་སློབ་ཚོགས་ཞིང་ཆེན(གྲོང་ཁྱེར)ཨུ་ཡོན་ལྷན་ཁང་གི་འཐུས་མིས་བརྗེ་རེས་ཀྱི་གཏམ་བཤད་པ་དང་། ཚོགས་ཞུགས་འཐུས་མི་ཡོངས་ཀྱིས་ཚན་ཆུང་བགོས་ནས་བགྲོ་གླེང་བྱས།

ཚོགས་འདུའི་རྗེས་སུ། ཧྲའོ་ཧུང་གིས་རྟོག་ཞིབ་ཚན་ཆུང་གི་སྣེ་ཁྲིད་དེ་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་སུ་སོང་ནས་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་བྱ་བར་རྟོག་ཞིབ་བྱས་པ་དང་། རྟེན་མཛོད་ཁང་དང་ཚྭ་མཚོའི་རྟེན་གཞི། རིག་གནས་གནའ་ཤུལ་སོགས་ཁྱད་ལྡན་ཡུལ་སྐོར་ཁུལ་གནས་སུ་རྟོག་ཞིབ་ཟབ་མོ་བྱས་ཏེ། ཡུལ་དངོས་སུ་མཚོ་སྔོན་གྱི་རིག་གནས་གནའ་རྫས་སྲུང་སྐྱོབ་དང་རིག་གནས་ཡུལ་སྐོར་ལས་གཞི་གསར་སྤེལ་གཉེར་སྐྱོང་། རིག་གནས་ཡུལ་སྐོར་ལས་རྣམ་སྐྱེད་སྲིང་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པར་མ་ཟད། རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བེད་སྤྱོད་ཀྱི་གནས་བབ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ས་གནས་ཀྱི་རིག་གནས་ཡུལ་སྐོར་སྡེ་ཁག་དང་རིག་གནས་ལས་སྒྲུབ་པ། ལས་རིགས་ཀྱི་ལས་ཞུགས་མི་སྣ་བཅས་ཀྱིས་མཐོ་སྒང་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བའི་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན།

དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུ་དང་རྟོག་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།