རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས།《ཁྲོམ་རའི་ལྟ་སྐུལ་དོ་དམ་ཁང་གི་སྲོལ་ཡིག》ཁྱབ་བསྒྲགས་གནང་བ་དང་། སྲོལ་ཡིག་དེ2026ལོའི་ཟླ11པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།
《སྲོལ་ཡིག་》གི་དམིགས་ཡུལ་ནི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁང་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་རྒྱུ་དེ་ཡིན་ལ། གཙོ་བོར་གཤམ་གྱི་ནང་དོན་དག་གཏན་འབེབས་བྱས་ཡོད།
གཅིག་ནི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁང་གི་བྱ་བའི་ཐད་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲིམས་ལྟར་སྲིད་འཛིན་དང་བདེ་འཇགས་འགན་སྲུང་། འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་བཅས་མཐའ་འཁྱོངས་བྱེད་དགོས་པ་གཏན་ཁེལ་བྱས་ཡོད། གཉིས་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁང་ནི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གི་མངགས་གཏོང་ལས་ཁུངས་ཡིན་པ་དང་། མངའ་ཁོངས་ནང་གི་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ཐོ་འགོད་དང་ཟས་རིགས་ཐོན་སྐྱེད་གཉེར་སྐྱོང་གི་རྒྱུན་གཏན་ལྟ་སྐུལ་དོ་དམ། ཁྲོམ་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་ཞུ་གཏུག་ཐེར་འདོན་ཐག་གཅོད། ཁྲིམས་འགལ་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་སོགས་ཀྱི་འགན་འཁྲི་ལག་བསྟར་བྱེད་རྒྱུ་ཁ་གསལ་བྱས་ཡོད། གསུམ་ནི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཁང་གིས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་གྱི་བྱེད་སྒོ་སྤེལ་ནས། གཉེར་སྐྱོང་གཙོ་གཞིའི་རྒྱུན་གཏན་གྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོར་ཤུགས་རྐྱེན་མི་ཐེབས་པའམ་ཡང་ན་ཅི་ནུས་ཀྱིས་ཤུགས་རྐྱེན་ཉུང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས་པའི་བྱང་བྱ་བཏོན་ཡོད། ཁྲོམ་རའི་ལྟ་སྐུལ་དོ་དམ་ཁང་གིས་ཞབས་ཞུའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ལས་སྒྲུབ་ལམ་ལུགས་ཡོངས་བསྒྲགས་བྱེད་པ། ཚད་ལྡན་དང་སྟབས་བདེ། ནུས་ལྡན་གྱི་སྲིད་དོན་ཞབས་ཞུ་མཁོ་འདོན་སྤྲོད་བྱེད་འོས་པ་གཏན་འབེབས་བྱས་ཡོད།