གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་ལག་ལེན་དུ་བསྟར་ནས་འཕེལ་རྒྱས་དང་དར་རྒྱས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

འཕེལ་རྒྱས་ནི་མིའི་རིགས་སྤྱི་ཚོགས་ཀྱི་རྟག་བརྟན་གྱི་བརྗོད་གཞི་ཡིན་ལ།  མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་ཡང་ཡིན།  འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་བྱ་གཞག་གང་ནས་འོང་བ་དང་གང་ལ་ཕྱོགས་པའི་དུས་རབས་ཀྱི་དྲི་བར་དམིགས་ཏེ།  2021ལོའི་ཟླ་9པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཟབ་ནན་སྒོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་ནས།  གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་བྱ་གཞག་སླར་གསོ་ཡོང་ཆེད་ཀྲུང་གོའི་ཇུས་གཞི་མཁོ་འདོན་གནང་།  གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་དེ་རྒྱལ་སྤྱིའི་གྲོས་རིམ་གྱི་ལྟེ་བའི་གནས་སུ་བཞག་ནས།  རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་འཕེལ་རྒྱས་ཀྱི་འཆར་གཞི་འགོད་པ་དང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐུན་མོང་གི་རེ་སྒུག་ལ་ལན་བཏབ།  ལོ་ལྔའི་རིང་ཀྲུང་གོའི་འདོད་ཚུལ་ནས་རྒྱལ་སྤྱི་ཐུན་མོང་གི་ངོས་འཛིན་བར་དང། མཉམ་ལས་ཀྱི་འདུ་ཤེས་ནས་ཐུན་མོང་གི་བྱ་སྤྱོད་བར་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ཅིང་།  འགྱུར་ལྡོག་འཁྲུག་ཆ་དོད་པའི་འཛམ་གླིང་དུ་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་བའི་སྟོབས་ཤུགས་ཆེན་པོ་རྒྱུན་མ་ཆད་པར་གཅིག་བསྡུས་བྱས།

དེང་གི་འཛམ་གླིང་དུ་ཚན་རྩལ་དང་ཐོན་ལས་འཕོ་འགྱུར་ཉིན་མཚན་ཀུན་དུ་རྣམ་པ་གསར་པ་ཐོན་བཞིན་ཡོད་མོད།  འོན་ཀྱང་དེ་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་མི་འདང་བ་དང་མཉམ་ལས་ཀྱི་འདུན་པ་ཆུང་དུ་ཕྱིན་པ།  ལྷོ་བྱང་གི་བར་ཆད་ཆེ་རུ་ཕྱིན་པ་སོགས་ཀྱིས།  མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་རུང་བའི་འཕེལ་རྒྱས་ཀྱི་གྲོས་རིམ་ཆེས་ཆེར་རྗེས་སུ་ལུས།

མཉམ་ལས་དང་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པའམ་ཡང་ན་ཁ་བྲལ་དང་འགྲན་རྒོལ་གྱི་ཕྱོགས་སུ་འགྲོ་བ།  གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཁྱབ་ཁོངས་ཀྱི་དངོས་ཡོད་འགྲན་སློང་ལ་དམིགས་ནས།  2021ལོའི་ཟླ9པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་དོན་དྲུག་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་སྟེང་གཟབ་ནན་སྒོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན།  གྲོས་འགོས་མིའི་རིགས་སྤྱི་ཚོགས་ཀྱི་ཆེས་རྒྱ་ཆེ་བའི་ཁེ་ཕན་ལ་དམིགས་པ་དང་།  2030ལོའི་རྒྱུན་མཐུད་རུང་བའི་འཕེལ་རྒྱས་ཀྱི་གྲོས་རིམ་ལ་གནད་འཁེལ་སྦྲེལ་མཐུད་བྱས་ནས།  ཕྱོགས་སོ་སོས་རྒྱུན་འཁྱོངས་དྲུག་སྒྲུབ་ཐུབ་རྒྱུའི་འབོད་སྐུལ་བྱས་པ་སྟེ། འཕེལ་རྒྱས་སྔོན་ལ་འཇོག་པ་རྒྱུན་འཁྱོངས་དང་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས།  ཀུན་ཕན་དང་ཁོང་ཡངས་རྒྱུན་འཁྱོངས།  གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས། བྱ་སྤྱོད་ཀྱི་སྟོན་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ནས། ཐུན་མོང་སྒོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་ཧུར་ཐག་གིས་འཛུགས་དགོས།  ལོ་ལྔའི་རིང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁ་ཕྱོགས་ནས།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་བྱ་གཞག་བསྐྱར་གསོ་བྱེད་པའི་ཀྲུང་གོའི་འདོད་ཚུལ་རྒྱས་བཤད་གཏིང་ཟབ་གནང་བ་དང།  གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་ཡོང་བའི་དངོས་སྒྲུབ་བྱ་ཐབས་རབ་དང་རིམ་པ་ཁྱབ་བསྒྲགས་གནང་།

2022ལོའི་ཟླ་6པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་མོལ་ཚོགས་འདུ་ལ་འགོ་འཛིན་གནང་ནས།  གསོན་ཉམས་ལྡན་པའི་སྒོ་ནས་ཐུན་མོང་གིས་ཀུན་ཕན་དོ་སྙོམས་གསར་གཏོད་དང་མཐུན་སྦྱོར་ཁོང་ཡངས། མཉམ་ལས་གཉིས་རྒྱལ། ཐུན་མོང་དར་རྒྱས་བཅས་ཀྱི་རྣམ་པ་བཏོན།  2023ལོའི་ཟླ8པར། “གསེར་ལྡན་རྒྱལ་ཁབ་སོགས་གྱི་འགོ་ཁྲིད་མི་སྣའི་གླེང་མོལ་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན།  འཕེལ་རྒྱས་ཀྱི་གནད་དོན་དེ་རྒྱལ་སྤྱིའི་གྲོས་རིམ་གྱི་ལྟེ་བར་བསྐྱར་དུ་འཇོག་པ་དང་རྒྱལ་ཁབ་གང་རུང་ཞིག་འཛམ་གླིང་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་རྗེས་སུ་མི་ལུས་པ་བྱེད་དགོས།  ཟླ་8པའི་ཟླ་འགོར་འཚོགས་པའི2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྩེ་ཚོགས་ཀྱི་སྐབས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྩེ་ཚོགས་ཀྱི་ཁྱིམ་ཚང་ཆེན་པོར་ཁ་ཕྱོགས་ཏེ།  འཕེལ་རྒྱས་སྔོན་ལ་འཇོག་པ་རྒྱུན་འཁྱོངས་དང་ཐུན་མོང་ཐོག་དར་རྒྱས་ཀྱི་མདུན་ལྗོངས་གཏོད་རྒྱུའི་གྲོས་འགོ་བཏོན།

མིག་སྔར་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོར་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས130ལྷག་གི་རྒྱབ་སྐྱོར་ཐོབ་པ་དང་།  རྒྱལ་ཁབ་དང་རྒྱལ་སྤྱི།  ས་ཁུལ་གྱི་རྩ་འཛུགས100ལ་ཉེ་བས་ཀྲུང་གོའི་ཕྱོགས་དང་མཉམ་ལས་ཡིག་ཆར་མིང་རྟགས་བཀོད།  གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་གྲོགས་པོ་ཚན་ཆུང་གི་ཁོངས་ཞུགས་རྒྱལ་ཁབ88བར་རྒྱ་བསྐྱེད་པ་དང་།  གོ་ལ་ཧྲིལ་པོའི་འཕེལ་རྒྱས་བྱ་གཞག་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ལས་ཁུངས་ཀྱི་ཀྲུང་གོའི་བཅའ་སྡོད་འཐུས་མི།   ལི་སི་ཧྥན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་འདོན་སྐབས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་རུང་བའི་འཕེལ་རྒྱས་ཀྱི་དམིགས་ཚད་དང་ཚད་མཐོའི་གཅིག་མཐུན་བྱུང་ཤིང2030ལོའི་གྲོས་རིམ་དོན་འཁྱོལ་ཡོང་ཆེད་འདེགས་སྐྱོར་ནུས་ལྡན་བྱས།  གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོའི་སྒྲོམ་གཞིའི་འོག་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མ་ལག་གིས་མཉམ་ལས་སྣ་ཚོགས་བྱས་ཤིང་།  གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་ཐེབས་རྩ་སོགས་ལ་བརྟེན་ནས།  རྣམ་གྲངས་དོན་འཁྱོལ་ཡོང་བ་དང་མ་དངུལ་མཁོ་འདོན།  ཆེད་ལས་ལག་རྩལ་གཏོང་བ་བཅས་བྱས་ཏེ།  འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མི་འདྲ་བའི་འཕེལ་རྒྱས་ཀྱི་གཙོ་གནད་དང་འཕེལ་རྒྱས་ཀྱི་འདུན་པ་ལ་འཚམ་པར་བྱས་ནས་རྒྱལ་ཁབ་སོ་སོའི་མང་ཚོགས་ལ་ཕན་བདེ་སྐྲུན།

ལོ་ལྔའི་རིང་འཛམ་གླིང་འཕེལ་རྒྱས་གྲོས་འགོའི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྐྱེན་སྲོལ་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་བ་དང་མཉམ་ལས་ཀྱི་གྲུབ་འབྲས་གཅིག་འཕྲོ་གཅིག་ལ་དོན་འཁྱོལ་བྱས།  ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་སྐུལ་འདེད་ལྟེ་གནས་འཛུགས་རྒྱུ་དང་། 《གོ་ལ་ཧྲིལ་པོའི་འཕེལ་རྒྱས་སྙན་ཞུ》ཁྱབ་བསྒྲགས་བྱེད་པ། མཉམ་ལས་ལམ་སྲོལ30ལྷག་བསྐྲུན་པ་དང་རྒྱུན་མཐུད་རུང་བའི་འཕེལ་རྒྱས་ཀྱི་དམིགས་ཚད་17ཚང་མར་ཁྱོན་ཡོངས་ནས་ཁྱབ་པར་བྱས།  ཀྲུང་གོས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་རྣམ་གྲངས་མཛོད་དང་མ་དངུལ་མཛོད་ཀྱིས་མ་དངུལ་ཨ་སྒོར་ཐེར་ཆེན་གཉིས་ཐེར་འབུམ་གསུམ་ལྷག་སྐུལ་སློང་བྱས་པ་དང་།  “ཆུང་ཞིང་མཛེས་པ”དང“དམངས་སེམས་དྲོ་བའི”མཉམ་ལས་རྣམ་གྲངས1800ལྷག་སྤེལ་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་དར་རྒྱས་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས།  ཀྲུང་གོའི་ཆེད་མཁས་པས་ཤ་མོའི་ལག་རྩལ་ཧྥེ་ཅི་སོགས་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཏུ་ཁྱེར་བ་མ་ཟད་འདེབས་འཛུགས་དཔེ་སྟོན་ལྟེ་གནས་བཙུགས་ཏེ།  ས་གནས་དེ་གའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཁྱིམ་ཚང་སྟོང་ཕྲག་གི་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་ཁྲིད་བྱས་ནས་དེ་སྔོན་བ་ཚྭའི་ཐང་རྒོད་དེ་འབབ་འཕར་གྱི་གཤིན་ས་ཞིག་ཏུ་གྱུར་བ་བྱས།

ད་ལོའི་ཟླ་5པའི་ཚེས་1ཉིན་ནས་བཟུང་ཀྲུང་གོས་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་53ལ་ཕྱོགས་ཡོངས་ནས་སྒོ་ཁྲལ་སྤྲོད་མི་དགོས་པ་ལག་བསྟར་བྱས།  ཁེན་ནི་ཡའི་ཉིའུ་ཡིའུ་ཤིང་འབྲས་དང་།ཨེ་སའེ་ཨོ་ཕི་ཡའི་ཁོ་ཧྥེ་སྲན་མ།  ལྷོ་ཨ་ཧྥེ་རི་ཁའི་རྒུན་འབྲུམ་ཆང་བཅས་ཨ་ཧྥེ་རི་ཁའི་ཁྱད་ལྡན་དངོས་པོ་བཟང་པོ་ཁག་ཅིག་རི་ཀླུང་བརྒལ་ཏེ་ཀྲུང་གོའི་ཁྲོམ་རར་བསྐྱོད་དེ། ས་གནས་དེ་གའི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱས་པ་མ་ཟད། ཐོན་ལས་རིམ་སྤོར་ལ་སྔར་བས་སྐུལ་འདེད་བཏང་།

ཀྲུང་གོ་དང་ལའོ་ཝུའུ་བར་གྱི་ལྕགས་ལམ་ཤར་གཏོང་བྱས་པའི་ལོ་ལྔའི་རིང་། རིམ་རྩིས་བྱས་ན་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་བྱེ་བ་དགུ་ལས་བརྒལ་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་སྦྲེལ་མཐུད་བྱེད་པའི་གསེར་གྱི་བགྲོད་ལམ་ཆེན་པོ་ཞིག་ཏུ་གྱུར་ཡོད་ལ།  ལའོ་ཝུའུ་དེ་སྐམ་སའི་རྒྱལ་ཁབ་ནས་སྐམ་ས་འབྲེལ་བའི་རྒྱལ་ཁབ་ཏུ་གྱུར་ཏེ་ལས་ཞུགས་ལས་གནས་ཆིག་འབུམ་ལྷག་གསར་གཏོད་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།