ཟླ9པའི་ཚེས11ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ལ། 《མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཆིན་ཏའོ་གྲོང་ཁྱེར་པེ་ཧའེ་གྲུ་གཟིངས་བཟོ་གྲྭའི་ཟོང་གྲུའི་མེ་སྐྱོན་དོན་རྐྱེན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དོན་རྐྱེན་གྱི་བསླབ་བྱ་དང་ལེན་དང་གཅིག་ཤེས་ཀུན་གྲོལ་ནན་མོ་བྱས་ཏེ། ལྷོད་གཡེང་བསམ་བློ་དང་སྟེས་དབང་བསམ་ཚུལ་རྩ་བ་ནས་མེད་པར་གཏོང་བ་དང་། མེ་ཟོན་བདེ་འཇགས་དང་ལྷག་པར་དུ་མི་སྣ་འདུས་སྡོད་མང་ས་དང་བཟོ་ལས་གླིང་ཁུལ། མེ་སྐྱོན་འབྱུང་སླ་བའི་ལས་ཡུལ། བཟོ་སྐྲུན་ཡུལ་དངོས་སོགས་གཙོ་གནད་ཁྱབ་ཁོངས་དང་ཁུལ་གནས་གཙོ་བོར་དམིགས་ནས་དྲ་སྦྲེལ་རྣམ་པའི་གྲལ་བཤེར་ལེགས་བཅོས་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་ཞོད་འགོག་གནོད་སེལ་སོགས་ཀྱི་བྱ་བ་གཅིག་འདོམས་ཀྱིས་ལེགས་པོར་བསྒྲུབ་པ་དང་། དོན་རྐྱེན་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་འབྱུང་བར་མཐའ་གཅིག་ཏུ་བཀག་སྡོམ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱ་དགོས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་འཛིན་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་དྲུག་པ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་གྲོས་ཚོགས་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཏེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པ་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཧྲང་ཧའེ་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ནུབ་རྒྱུད་སྐམ་མཚོའི་བརྒྱུད་ལམ་གསར་བ་མཉམ་འདྲེས་ཟབ་མོ་བྱེད་པ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་དང་ས་གནས་བར་གྱི་མཉམ་ལས་བརྗེ་རེས་ཟབ་སྤེལ་བྱས་ནས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དགོས། ཐོག་མཐའ་བར་གསུམ་དུ་སློབ་གསོའི་ཇུས་ཆེན་དང་དགེ་རྒན་རྩ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། དུས་རབས་གསར་བའི་ཆུ་ཚད་མཐོ་བའི་དགེ་རྒན་གྱི་དཔུང་སྡེ་མགྱོགས་མྱུར་ངང་གསོ་སྐྱོང་བྱས་ཏེ། སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྣང་ཚུལ་ལེགས་པོ་བསྐྲུན་པ་དང་། སློབ་གསོའི་སྟོབས་ལྡན་ཞིང་ཆེན་འཛུགས་པའི་རྨང་གཞི་སྲ་བརྟན་གཏོང་དགོས།
ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་ངང་གཡོ་འགུལ་མི་རུང་བ་གཉིས་དངོས་འབེབས་བྱེད་པ་དང་། དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་བཅའ་ཁྲིམས་ལག་བསྟར་གཏིང་ཟབ་བྱེད་པ། ཅིན་ཅང་ཉམས་མྱོང་སློབ་སྦྱོང་དང་དཔེ་ལྟོས་བྱས་ཏེ། དམངས་གཉེར་དཔལ་འབྱོར་དང་ཐོན་ལས་ཀྱི་གནས་བཞི་བསྐྲུན་པ་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱུ་རྐྱེན་ཁྲོམ་ར་ཅན་གྱི་བཀོད་སྒྲིག་ལམ་ལུགས་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ནུས་ཤུགས་ཡོད་རྒུས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ནས། ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཀྱི་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་སྔར་ལས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་བྱ་བའི་བླང་བྱ་དངོས་འབེབས་ནན་མོ་བྱེད་པ་དང་། ཏང་གི་རྒྱལ་དབང་ཁེ་ལས་ཀྱི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་པ། བློ་བརྟན་འགྱུར་མེད་ངང་རྒྱལ་དབང་ཁེ་ལས་དང་རྒྱལ་ཁབ་ཁེ་ལས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་བླང་བྱ་ལྟར། ཡུལ་བབ་དང་བསྟུན་ནས་རྣམ་པ་དང་སྒྲིག་གཞི་ལེགས་བཅོས་དང་དག་སྒྲིག་བྱེད་པ། རྒྱལ་དབང་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་བ་དང་། གཙོ་གཞིའི་འགན་འཁྲི་དང་ལས་རིགས་གཙོ་བོའི་དོ་དམ་འཐུས་ཚང་དུ་བཏང་ནས། རྒྱལ་དབང་ཁེ་ལས་དང་རྒྱལ་དབང་མ་རྩ་རྒྱུན་ཆད་མེད་པར་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས།
གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་རྨ་ཆུའི་ཆུ་འབོར་དབྱེ་བགོ་སྟོན་གྲངས་སྙོམས་སྒྲིག་ཇུས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 《2025ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་གྱི་ཕྱོགས་བསྡུས་སྙན་ཞུ(གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་མ་ཡིག)》དང་། 《2025ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དབང་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་གནས་ཚུལ་གྱི་ཆེད་དོན་སྙན་ཞུ(གྲོས་ཞིབ་བྱེད་པའི་སྤྲོད་རྒྱུའི་མ་ཡིག)》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཏེ། གོ་རིམ་བཞིན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་བཤེར་བྱེད་པར་སྤྲོད་རྒྱུའི་ཐག་བཅད།
གྲོས་ཚོགས་ལས་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།