ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་གནང་བའི་གསུང་བཤད་གལ་ཆེན་དང་། ཧྲན་ཏུང་ཆིང་ཏའོ་གྲོང་ཁྱེར་པེ་ཧའེ་གྲུ་གཟིངས་བཟོ་གྲྭ་ཞིག་གི་སྐྱེལ་འདྲེན་གྲུ་གཟིངས་ཤིག་ལ་མེ་སྐྱོན་གྱི་དོན་རྐྱེན་བྱུང་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་ཀ་བྱེད་མཁན་ལ་གནང་བའི་གསུང་བཤད་གལ་ཆེན་དང་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་སྟེང་བསམ་སྤྱོད་གཅིག་གྱུར་བྱས་ཏེ། ཏང་གི་སློབ་གསོའི་བྱེད་ཕྱོགས་དེ་སློབ་གསོ་དང་སློབ་ཁྲིད་བྱ་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་སློབ་ཚན་རེ་རེའི་ཁྲོད་འདྲེས་པར་བྱས་ནས། སློབ་གསོའི་ལོ་ལྔའི་འཆར་འགོད་བཅོ་ལྔ་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། བླ་ན་མེད་པའི་དགེ་རྒན་གྱི་ཀུན་སྤྱོད་དང་དགེ་རྒན་གྱི་སྤྱོད་ཚུལ་གསོ་སྐྱོང་བྱེད་པ། ཤེས་རབ་ལྡན་པའི་སློབ་གསོའི་བྱེད་ཐབས་ཁོང་དུ་ཆུད་པར་བྱས་ནས་དཔེ་ཁྲིད་མི་སྐྱོང་གི་འཇོན་ཐང་ཆེ་རུ་གཏོང་དགོས་ལ། དགེ་རྒན་ལ་བརྩི་འཇོག་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་བཟང་བོ་བསྐྲུན་ནས། སློབ་གསོའི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་འགྲིལ་ཤུགས་གཅིག་བསྡུས་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཧྲན་ཏུང་ཆིང་ཏའོ་གྲོང་ཁྱེར་པེ་ཧའེ་གྲུ་གཟིངས་བཟོ་གྲྭ་ཞིག་གི་སྐྱེལ་འདྲེན་གྲུ་གཟིངས་ཤིག་ལ་མེ་སྐྱོན་དོན་རྐྱེན་བྱུང་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། ཙུང་ལི་ལི་ཆང་གི་མཆན་འགོད་མཛུབ་སྟོན་གྱི་བླང་བྱ་ལྟར། “མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི”འདུ་ཤེས་གང་ལེགས་ཀྱིས་མངོན་པར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ལས་འཛོལ་གྱི་བསླབ་བྱར་ངེས་གཏིང་ཡོད་པར་བྱས་ཏེ། བག་མེད་ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱེད་དགོས་ལ། ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་དང་། ཁང་བརྩེགས་ཀྱི་ཨར་ལས། སྡེ་ཁུལ་རྙིང་པ། རྒན་གསོའི་སྒྲིག་གཞི། སློབ་གྲྭ། སྨན་ཁང་སོགས་མི་མང་འདུས་ས་དང་གཙོ་གནད་ཁེ་ལས་ལ་དམ་པོར་དམིགས་ནས། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེན་པོ་དང་ལེགས་བཅོས་ཆེན་པོ་བྱས་ཏེ། མི་མང་འདུས་ཁུལ་གྱི“སྒེའུ་ཁུང་བཤིག་པ་དང་དྲ་བ་གཏོར་བར”སྐུལ་འདེད་བཏང་སྟེ། “ཚེ་སྲོག་གི་བགྲོད་ལམ”ཤར་གཏོང་བྱེད་པའི་གཅིག་བསྡུས་འགག་སྒྲོལ་ལས་འགུལ་སྤེལ་དགོས། དོན་རྐྱེན་སྔོན་འགོག་དང་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མེ་སྐྱོན་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སོགས་གཙོ་གནད་ས་ཁུལ་གྱི་མེ་ཟོན་བདེ་འཇགས་དང་། འདམ་རྡོའི་ཆུ་རུད། རི་ཉིལ་བ་སོགས་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ་དང་། དུས་མཉམ་དུ་ཞོད་འགོག་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ནས། འཕྲལ་བསྟུན་རོགས་སྐྱོབ་སྟོབས་ཤུགས་ཀྱི་ཐོག་མའི་བཀོད་སྒྲིག་དང་དུས་རྒྱུན་གྲ་སྒྲིག་ལ་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་དང་། ལས་རིགས་སྡེ་ཁག་གི་གཙོ་གཉེར་པ། ལྟ་སྐུལ་དོ་དམ་སྡེ་ཁག་གིས་རང་འགུལ་ངང་འགན་འཁྲི་དང་ལེན་དང་དངོས་འཛིན་བཙན་འཐབ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་ཆབ་སྲིད་འགན་འཁྲི་བརྟན་པོ་འཁུར་བ་དང་ལས་འཛོལ་ཚབས་ཆེན་འབྱུང་བར་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས།
གྲོས་ཚོགས་ལས་རྒྱལ་ཡོངས་ནོར་སྲིད་ཚན་རིག་དོ་དམ་ཚོད་ལྟའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། “ཁྱིམ་བདག་གིས་འབྱོར་སྐྱོང”བྱེད་པའི་འདུ་ཤེས་བརྟན་པོ་བཙུགས་ནས། ཟ་ཤེས་འཐུང་ཤེས་ཀྱི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཚུལ་མུ་མཐུད་ལེགས་བསྒྱུར་བྱེད་དགོས་ལ། ཞིབ་རྩིས་རྒྱག་པ་དང་དངོས་སྒྲུབ་གནད་སྨིན་གྱི་བླང་བྱ་དེ་ནོར་སྲིད་མ་དངུལ་སྤྱོད་པའི་བརྒྱུད་རིམ་ཧྲིལ་པོར་མངོན་པར་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ནོར་སྲིད་ཀྱི་འགན་ལེན་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། “དྲ་རྒྱ་དྲུག”གི་འཛུགས་སྐྲུན་འཆར་འགོད་དེ་ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་འགོ་རྩོམ་པའི་ལོ་ཡིན་པས་མ་དངུལ་བརྟན་པོ་གཏོང་བ་དང་། ནང་མཁོ་རྒྱ་སྐྱེད་གཏོང་བའི་ལྟེ་བའི་དམ་འཛིན་བྱེད་ཡུལ་དུ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། དུས་འགོའི་ཞིབ་འཇུག་ལ་ཤུགས་སྣོན་པ། སྲིད་ཇུས་ཀྱི་དགོངས་དོན་ཁོང་དུ་ཆུད་པ། ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་སྲིད་ཇུས་ཀྱི་གསལ་ཐོ་དེ་རྣམ་གྲངས་ཀྱི་གསལ་ཐོ་དང་མ་དངུལ་གྱི་རྩིས་ཁྲར་བསྒྱུར་དགོས། ཧུར་ཐག་གིས་ལས་གཞི་ཇུས་འགོད་བྱེད་དགོས་ལ། རྒྱལ་ཁབ་ཀྱི་སྲིད་ཇུས་ཁྲིད་ཕྱོགས་དང་། མ་དངུལ་གཏོང་ཕྱོགས། གོ་སྐབས་སྒེའུ་ཁུང་བཅས་ལ་དམ་པོར་དམིགས་ཏེ། ཀྲུང་དབྱང་དང་ཕྱོགས་སོ་སོའི་རྒྱབ་སྐྱོར་ནུས་ཤུགས་ཡོད་རྒུས་བརྩོན་ལེན་བྱས་ནས། འབྲེལ་ཡོད་སྡེ་ཁག་གིས་གཅིག་གྱུར་གྱིས་འཆར་འགོད་ཡག་པོ་བྱེད་པ་དང་། མཉམ་འབྲེལ་གྱིས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། “སྐོར་ཞིག་ལག་བསྟར་དང་། སྐོར་ཞིག་དུས་འགོ སྐོར་ཞིག་གསོག་འཇོག སྐོར་ཞིག་ཇུས་འགོད”བཅས་སྐས་རིམ་ལྟར་སྐུལ་འདེད་གཏོང་བའི་རྣམ་པ་ཆགས་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་གཏིང་ཤུགས་གསོག་འཇོག་བྱེད་དགོས། འགན་ལེན་བྱེད་ཐབས་ལ་ཤུགས་སྣོན་དགོས་ལ། གསར་སྐྲུན་རྣམ་གྲངས་དང་སྔར་ཡོད་ཀྱི་རྨང་གཞིའི་སྒྲིག་བཀོད་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་ཤུགས་བསྣོན་ཏེ་རྣམ་གྲངས་སྔ་ཙམ་ནས་ལས་འགོ་འཛུགས་པ་དང་། སྔ་ཙམ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ། སྔ་ཙམ་ནས་ཕན་འབྲས་ཐོན་པ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་ཞིང་ཆེན་ཡོངས་ཀྱི“བསམ་བཀོད་གཅིག”རྒྱུན་འཁྱོངས་བྱས་ཏེ། ལས་གཞིའི་ཚེ་སྲོག་འཁོར་ཡུན་གྱི་དོ་དམ་དམ་འཛིན་ཏན་ཏིག་བྱེད་པ་དང་། འཆར་འགོད་དང་། ཞིབ་མཆན་འགོད་པ། འཛུགས་སྐྲུན་བཅས་བྱེད་པ་ནས་གཉེར་སྐྱོང་གི་ལྷུ་ཚིགས་ཁག་ཏུ་འགན་འཁྲི་ནན་ཏན་བྱས་ཏེ། མ་དངུལ་རྣམ་གྲངས་ཀྱི་དོ་དམ་དང་བདེ་འཇགས་ཐོན་སྐྱེད་ཀྱི་བླང་བྱ་ཁག་དོན་འཁྱོལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་དགོས།
ཚོགས་འདུའི་སྟེང་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།