ཁོས་ལོ་ངོ39ལ་རྨ་ཡུལ་སྲུང་ནས་ཐེངས་དང་པོར་རྨ་ཆུ་རྒྱ་མཚོར་འབབ་པ་བལྟ་རུ་སོང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

“ཨ་ཞང་ལགས། ཁྱེད་ཀྱིས་རྨ་ཆུ་རྒྱ་མཚོར་འབབ་པ་ཅི་འདྲ་ཞིག་ཡིན་པ་ཤེས་སམ།”

“དྲང་མོར་བཤད་ན་ངས་ཀྱང་མང་པོ་མི་ཤེས།”

ཆུང་དུས་ནས་རྨ་ཆུའི་མགོ་ཁུངས་སུ་འཚོ་བར་རོལ་པའི་དགེ་ཆོས་ལ་མཚོན་ན། རྨ་ཆུའི་མགོ་ཁུངས་ལ་རྒྱུས་མངའ་ཆེན་པོ་ཡོད། ཡིན་ནའང་ཚ་བོ་བསོད་ནམས་རྡོ་རྗེས་བཏོན་པའི་དྲི་བས་ཁོ་རང་ཐེ་ཚོམ་སྐྱེས་སུ་བཅུག

ཆུ་དམར་ལེབ་རྫོང་དམར་སྟོད་ཡུལ་ཚོའི་འབྲོག་པ་དགེ་ཆོས་ཀྱིས་གནག་ཕྱུགས་འཚོ་བཞིན་པའི་ཚུལ།

ལོ་ངོ39ཡི་རིང་ཁོ་རང་གནས་དེ་རུ་འཚོ་སྡོད་དང་སྲུང་སྐྱོབ་བྱས་ཏེ་ཉིན་དང་ཟླ་མཐུད་ནས་མཐའ་ཡས་པའི་རྩྭ་ཐང་གོམ་པས་འཇལ། རྩྭ་ས་ཇེ་ངན་དུ་འགྲོ་དུས་ཁོ་རང་སེམས་ཁུར་གྱིས་མནར་མྱོང་ལ། ཉེ་བའི་ལོ་འདི་གར་རྩྭ་ཡི་སྐྱེས་ཚུལ་ཇེ་ལེགས་སུ་སོང་བ་དང་བསྟུན་ཁོའི་གདོང་གི་འཛུམ་ཞལ་ཡང་དེ་ལྟར་རྒྱས་ཡོང་།

མིག་མདུན་གྱི་རྨ་ཆུའི་མགོ་ཁུངས་ཀྱི་ཆུ་ཕྲན་ལ་བལྟས་ཚེ། རང་ཉིད་ཀྱིས་རྨ་ཆུ་གང་ནས་བཞུར་ཡོང་བ་ཤེས་པ་མ་གཏོགས། མཐར་གང་དུ་འབབ་བཞིན་པ་མི་ཤེས། རྩྭ་རར་སྐོར་སྲུང་དང་ཆུ་ཁུངས་ལ་ལྟ་ཞིབ་བྱེད་པ་དེའང་ཨ་ཕས་ཁོ་ལ་བཞག་པའི་མངགས་བཅོལ་བསྐང་ཆེད་ཡིན།

“རྨ་ཆུ་རྒྱ་མཚོར་འབབ་པའི་ས་ཆར་དངོས་སུ་ལྟ་འདོད་དམ།”

དགེ་ཆོས་ཀྱིས་ཐེ་མི་ཚོམ་པར“ང་འགྲོ་འདོད”ཅེས་ལན་བཏབ།

ད་ལོའི་དབྱར་ཁར། གསར་འགོད་པས་དགེ་ཆོས་དང་ཁོའི་ཚ་བོ་བསོད་ནམས་རྡོ་རྗེ་ཁྲིད་དེ་རྨ་ཆུའི་མགོ་ཁུངས་ནས་ལམ་ལ་ཆས་ཏེ་རྨ་ཆུའི་སྨད་རྒྱུད་དུ་བསྐྱོད།

ཟླ3པའི་ཚེས10ཉིན་པར་བླངས་པའི་མཚོ་སྐྱ་རེངས།

དགེ་ཆོས་ནི“རྨ་ཡུལ་གྱི‘ཁྱིམ་ཚང་ཐོག་མའི’”སྲུང་སྐྱོབ་མཁན་ཡིན། ཁོ་ཚང་ལོ་ངོ་བཅུ་ཕྲག་ལྷག་ལ་རྨ་ཆུའི་མགོ་ཁུངས་ཡག་གི་རྩང་ལེ་གཤོངས་སར་འཚོ་བ་རོལ་ནས་བསྡད།

ལོ40སོན་ལ་ཉེ་བའི་དགེ་ཆོས་ལ་མཚོན་ན་ནང་མི་ཚང་མ་མཉམ་དུ་སོང་མྱོང་བའི་ཆེས་ཐག་རིང་བའི་ས་ཆ་དེ་ལྷ་ས་ཡིན། ཁོ་རང་ཆེས་བློ་ཕམ་བྱུང་ས་དེ་ཡི་གེ་མི་ཤེས་པ་དང་སྤྱི་སྐད་བཤད་མི་ཤེས་པ་དེ་རེད།“ཕྱིར་ལྟ་སྐོར་བྱེད་དུ་འགྲོ་འདོད་ཀྱང་ཐག་རིང་དུ་འགྲོ་མི་ཐུབ”ཅེས་བཤད།

རྨ་ཆུའི་མགོ་ཁུངས་ནས་ལམ་ལ་ཆས་ཏེ། དགེ་ཆོས་ཐོག་དང་པོར་གནམ་གྲུར་བསྡད་དེ་མཁའ་དབྱིངས་ནས་མར་རྨ་ཆུར་བལྟས། ཁོ་དང་ཚ་བོ་གཉིས་ཀྱིས་མཚར་སྣང་གིས་གནམ་གྲུའི་སྒེའུ་ཁུང་ནས་ཕྱིར་རོལ་གྱི་འཇིག་རྟེན་ཁ་པར་ལས་བརྙན་ལེན་བཞིན་ཡོད།

དགེ་ཆོས་ཀྱིས་བཤད་རྒྱུར། ཁོའི་ཨ་ཕའི་རབས་དེས་ཅི་ཞིག་ལ་སྐྱེ་ཁམས་སྲུང་སྐྱོབ་ཟེར་བ་མི་ཤེས་མོད། ཡིན་ནའང་། ཆུ་མགོར་དད་ཅིང་གུས། དགོང་མོར་ཆུ་མགོ་ནས་སྐད་ཆེན་པོ་སྒྲོག་མི་རུང་། ཆུ་མགོར་སྲོག་གཅོད་མི་རུང་། སྐམས་བཤས་རྗེས་ཆུ་མགོར་སོང་ནས་ལག་པ་བཀྲུ་མི་རུང་ཟེར།

2009ལོར། ཕ་འདས་ཁར“ངེས་པར་དུ་རྨ་ཆུའི་མགོ་ཁུངས་སྲུང་དགོས་པ་དང་། རྩྭ་ར་གཞན་ལ་འགན་གཙང་སྤྲོད་བྱེད་མི་རུང་ལ་མི་ཡང་ཁ་བྲལ་མི་རུང་ཞེས་ཁ་ཆེམས་བཞག

ལོ་དེར་དགེ་ཆོས་ལོ20ལ་བུད་ཡོད་སྟབས་ཁྱིམ་ཚང་གི་བདག་པོར་གྱུར་ནས་རང་ཉིད་གཅིག་པུས་རྨ་ཆུའི་ཆུ་མགོ་སྲུང་མགོ་ཚུགས།

ལོ་མང་པོའི་རིང་ཁོ་གཅིག་པུས་སྐྱ་མི་དང་འཕྲུལ་རྟར་བཞོན་ཏེ་རྩྭ་ཐང་དུ་སྐོར་སྲུང་བྱེད་པ་དང་། ཞར་ལ་གད་སྙིགས་འཐུ་བ་དང་སྲོག་ཆགས་ལ་རོགས་སྐྱོབ་བྱེད་པར་གོམས་ཡོད།

སྐབས་འགར་ཁོས་གོ་བ་ལེན་དཀའ་བ་ཞིག་ནི། དེ་སྔ་ཁོས་མི་གཞན་ལ་གད་སྙིགས་གང་བྱུང་དུ་དབྱུག་མི་རུང་ཞེས་བཤད་ཚེ་ནམ་རྒྱུན་མི་འགའ་ཤས་ཤིག་གིས“རྨ་ཆུའི་ཆུ་མགོའི་གད་སྙིགས་ཁོ་རང་ལ་འབྲེལ་བ་ཅི་ཡོད་དམ”ཞེས་འདྲི་སྲིད།

དགེ་ཆོས་ཀྱིས་གནས་ལུགས་དེ་འདྲ་མང་པོ་ཞིག་བཤད་མི་ཤེས་ནའང་། རྨ་ཆུའི་ཆུ་མགོ་ནི་སྨད་རྒྱུད་དུ་འཚོ་སྡོད་བྱེད་པའི་མི་མང་པོའི་ཆུ་ཁུངས་ཡིན་སྟབས། ཆུ་མགོར་སྦགས་བཙོག་བཟོས་རྗེས་ཀུན་གྱི་འཐུང་ཆུར་གནོད་པ་ཐེབས་སྲིད་སྙམ།

གནམ་གྲུ་རྨ་ཆུའི་སྨད་རྒྱུད་ཀྱི་མཁའ་དབྱིངས་སུ་འཕུར་སྐབས་གསར་འགོད་པས་དགེ་ཆོས་ལ་གན་རྨ་ཆུ་རེད་ཅེས་དྲན་སྐུལ་བྱས། ཡངས་ཤིང་རྒྱ་ཆེ་བའི་རྨ་ཆུར་བལྟས་ནས“ངས་དེ་རིང་མ་གཏོགས་རྨ་ཆུའི་ཁ་ཞེང་འདི་འདྲ་ཆེན་པོ་ཡོད་པ་མཐོང་མ་མྱོང་།”

གང་དུ་འཕུར་ན་དེ་རུ་བལྟས་ནས་རྨ་ཆུའི་ངོགས་ཀྱི་གྲོང་ཁྱེར་དང་། བརླན་ས། འདབ་ཆགས་བཅས་ལ་དོ་སྣང་བྱེད་མགོ་ཚུགས། ཁོས་གསར་འགོད་པར“ངས་རྨ་ཆུ་འབབ་རྒྱུད་ཀྱི་གྲོང་ཁྱེར་དག་སྐོར་སྲུང་ཉིན་ཐོའི་ནང་བྲི་རྒྱུ་ཡིན”ཅེས་བཤད།

གནམ་གྲུ་ནས་རླངས་འཁོར་དང་དེ་ནས་གྲུ་ལ་བསྡད་དེ་མཐར་རྨ་ཆུ་རྒྱ་མཚོར་འབབ་པའི་མཚོ་ཁར་སླེབས།

གྲུའི་སྟེང་དུ་འགྲེང་ནས་དགེ་ཆོས་ཀྱིས་ཐོག་དང་པོར་རྨ་ཆུ་དང་རྒྱ་མཚོའི་འདྲེས་མཚམས་ལ་བལྟས་ཏེ་ཡུན་རིང་ཞིག་ལ་བསྡད།

2024ལོའི་ཟླ10པའི་ཚེས11ཉིན། རྨ་ཆུ་དང་རྒྱ་མཚོ་འདྲེས་མཚམས་ཀྱི་མཛེས་ལྗོངས།

དགེ་ཆོས་ཀྱིས་མིག་མདུན་གྱི་གཙང་བོ་དང་རྒྱ་མཚོ་འདྲེས་མཚམས་ལ་ཅེར་ནས་སེམས་ལ་དྲན་པ་ནི་སྔར་བཞིན་དྲིན་ཆེན་གྱི་ཨ་ཕ་རེད།“ཨ་ཕས‘རྨ་ཆུ་རྒྱ་མཚོར་མི་འབབ་པ་དང་། རྒྱ་མཚོ་རྨ་ཆུར་མི་འབབ’ཞེས་བཤད་མྱོང་། ཚང་མ་ཆུ་ཡིན་པ་འདྲ་འདྲ་ཡིན་ནའང་མཉམ་དུ་འདྲེས་མི་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ་སྙམ། ད་ཆ་བལྟས་ན་དངོས་ནས་དེ་འདྲ་རེད།”

ལོ་ངོ39འགོར་རྗེས་དགེ་ཆོས་ཐོག་དང་པོར་རང་ཉིད་ཀྱིས་སྲུང་སྐྱོབ་བྱེད་པའི་གཙང་བོ་ཆེན་པོ་དེའི་སྣེ་གཞན་ཞིག་ཏུ་བསྐྱོད་ཐུབ་སོང་།

ཧྲན་ཏུང་རྨ་ཆུའི་ཟུར་གསུམ་གླིང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རིག་ནུས་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ། དགེ་ཆོས་ཀྱིས་རྨ་ཆུ་རྒྱ་མཚོར་འདྲེས་མཚམས་ཀྱི་མཚོ་ཁུག་ཏུ་ཆགས་པའི་བརླན་སའི་སྣོད་བཅུད་ལ་ཐོག་དང་པོར་ཉེ་སར་སོང་ནས་རྒྱུས་ལོན་བྱས་པ་དང་། ཞར་ལ་ཤར་ཕྱོགས་ཀྱི་ཆུ་བྱ་དཀར་པོ་དང་མཐིང་རིལ་གྱོ་མོ་མཆུ་ནག་སོགས་རྩ་ཆེའི་འདབ་ཆགས་ཀྱང་མང་པོ་ཞིག་མཐོང་བྱུང་།

2025ལོའི་ཟླ11པའི་ཚེས13ཉིན། ཧྲན་ཏུང་རྨ་ཆུའི་ཟུར་གསུམ་གླིང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཆུ་བྱ་དཀར་པོ།

ད་ཆ་རྨ་ཆུའི་སྐོར་ཡར་བསྐྱར་གླེང་སྐབས་དགེ་ཆོས་ཀྱིས“རྨ་ཆུ་ནི་མ་ཡུམ་ཆུ་བོ”ཡིན། ཁོས་བལྟས་ན། ཆུ་བོས་ས་གཞི་བཅུད་ཀྱིས་གཏམས་པར་བརྟེན་རྩི་ཤིང་ཐམས་ཅད་ཆུ་ལ་བརྟེན་ནས་སྐྱེས་པ་དང་། ཆུ་མགོའི་ཆུ་ཐིགས་རེ་རེ་མཐར་རྒྱ་མཚོར་འདྲེས་ངེས།

ཆུ་མགོ་ནས་མཚོ་ཁར་སླེབས་སྐབས་དགེ་ཆོས་ཀྱིས་རང་ཉིད་ཀྱིས་སྲུང་སྐྱོབ་བྱེད་བཞིན་པའི་གཙང་བོ་དེའི་རིང་ཚད་དང་ཞེང་ཚད་ཇི་འདྲ་ཡོད་པ་གཞི་ནས་མཐོང་བྱུང་བ་མ་ཟད། རྒྱ་རིང་གི་ས་ཆ་ནས་རང་ཉིད་ཀྱི་རྐང་འོག་གི་རྩྭ་རར་ཕྱིར་ལྟ་ཐོག་མ་བྱས་པ་རེད།

ཡུལ་སྐོར་མཇུག་སྒྲིལ་རྗེས། དགེ་ཆོས་ཀྱིས་རང་གི་ཚ་བོ་ཁྲིད་དེ་རྨ་ཆུའི་མགོ་ཁུངས་སུ་ཕྱིར་སླེབས། ལྗོངས་རྒྱུ་སྐབས་སུ་རང་གི་གྲོགས་ཚོམས་སུ་ལྗོངས་རྒྱུའི་པར་ཆུང་མཉམ་སྤྱོད་བྱས་པ་དང་། གསར་འགོད་པར“སྙིང་དམར”དང“ཐུགས་རྗེ་ཆེ་ཞུ་བའི”འགུལ་རིས་པར་ཆུང་ཡང་གང་མང་ཞིག་བསྐུར་བྱུང་།

རྩྭ་ར་སྔར་བཞིན་རྩ་ར་དེ་ཡིན་པ་དང་། གཙང་བོ་སྔར་བཞིན་ཆུ་མགོ་ནས་མར་འབབ་བཞིན་ཡོད། དགེ་ཆོས་ཀྱིས་སྔར་བཞིན་སྐོར་སྲུང་དང་། རྩི་ཤིང་གཞལ་བ། གཙང་བོ་སྲུང་བའི་ལས་ལ་བརྩོན་དགོས།

ད་རེས་ལྗོངས་རྒྱུ་བརྒྱུད་ཁོས་བློ་ལ་ཤེས་བྱ་མང་པོ་ཞིག་འབྱོར། དགེ་ཆོས་ཀྱིས་རང་གི་ཚ་བོ་བསོད་ནམས་རྡོ་རྗེ་ལ“བྲེལ་བ་མ་ལངས། རྩྭ་ད་དུང་ལོས་སྐྱེས”ཞེས་བཤད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།