དགོ་དམར་སྲུང་སྐྱོབ་གསོ་སྤེལ་བྱས་པའི་གྲངས་ཀ་ཐོག་མར་བརྒྱ་གྲངས་ལས་བརྒལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས9ཉིན། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ནས་འབྱོར་བའི་གནས་ཚུལ་ལྟར་ན། རང་རྒྱལ་གྱི་ཁྱད་ལྡན་ཉམས་ཉེན་སྲོག་ཆགས་དགོ་དམར་དེ། མི་ཐབས་ཀྱིས་སྲུང་སྐྱོབ་གསོ་སྤེལ་བྱས་པའི་གྲངས་ཀ་ཐོག་མར་བརྒྱ་ལས་བརྒལ། ཐེངས་འདིའི་ཐོད་བརྒལ་གྱིས་རྒྱལ་ནང་གི་དགོ་རིགས་རི་སྐྱེས་སྲོག་ཆགས་གཞི་ཁྱོན་ཅན་དུ་སྲུང་སྐྱོབ་གསོ་སྤེལ་བྱེད་པའི་མ་ལག་འཛུགས་སྐྲུན་གྱི་སྟོང་ཆ་བསྐངས་བ་མ་ཟད། རང་རྒྱལ་གྱི་མཐོ་སྒང་གི་སྲོག་ཆགས་ཆུང་གྲས་རིགས་ཀྱི་སྲུང་སྐྱོབ་དེ་མ་ལག་ཅན་དང་། ཚད་ལྡན་ཅན་དུ་འཕར་བ་མཚོན་པ་རེད།

དགོ་དམར་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་ཡིན་ལ། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོབ་བྱེད་པའི་གཙོ་གནད་ཀྱི་སྲོག་ཆགས་ཆུང་གྲས་རིགས་ཤིག་ཡིན། དུས་ཡུན་རིང་པོར། དགོ་དམར་འདི་སྲོག་ཆགས་ཀུན་ལས་ཕྲུ་གུ་གསོན་ཚད་དམའ་བ་དང་། རྨས་སྐྱོན་བྱུང་བར་སྐྱོབ་བཅོས་དཀའ་གནད་ཆེ་བ། གཞི་ཁྱོན་ཅན་གྱི་གསོ་སྤེལ་མ་ལག་བྱང་ཚད་མེད་པའི་རིགས་ཤིག་ཡིན་པས། རྒྱལ་ནང་གི་ཉམས་ཉེན་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་ལས་རིགས་ཀྱི་གཅིག་མཐུན་ཅན་གྱི་དཀའ་གནད་ཅིག་ཏུ་གྱུར་ཡོད། ཐེངས་འདིའི་རིགས་ཁྱུ་བརྒྱ་གྲངས་ཀྱི་གསོ་སྤེལ་བྱེད་སྟངས་བརྟན་པོ་ཞིག་བཙུགས་པ་འདིས། རང་རྒྱལ་གྱི་དགོ་རིགས་སྲོག་ཆགས་ཀྱི་མ་ལག་ཅན་གྱི་སྲུང་སྐྱོབ་ཞན་ཆ་ཁ་གསབ་བྱས་པ་དང་། རྒྱལ་ཡོངས་སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་མ་ལག་འཐུས་ཚང་དུ་བཏང་བ། མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་རགས་སྲ་བསྐྲུན་བྱེད་པར་དཔེ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱི་མཚོ་སྔོན་པོ་སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱལ་ནང་གི་སྔོན་ཐོན་གསོ་སྤེལ་འགན་སྲུང་ཚད་གཞི་གཞིར་བཟུང་ཞིང་། མཐོ་སྒང་གི་དམིགས་བསལ་སྐྱེ་ཁམས་ཆ་རྐྱེན་ལ་རྐང་བཙུགས་ཏེ། ཕྱི་རོལ་དུ་སྲུང་སྐྱོབ་བྱེད་པ་དང་། གནས་སྤོ་གསོ་སྤེལ། ཞིབ་ཚགས་དོ་དམ། རིམས་ནད་འགོག་སྡོམ་བཅས་ཀྱི་མུ་ཕྲེང་ཡོངས་ཀྱི་སྲུང་སྐྱོབ་མ་ལག་བསྐྲུན་པ་དང་། ཕྱི་ནས་རང་བྱུང་དུ་འཚར་ལོངས་འབྱུང་བ་དང་། མི་ཐབས་ཀྱིས་གནས་སྤོ་དང་ཕྲུ་གུ་སྲུང་བའི་མཉམ་ལས་སྲུང་སྐྱོབ་རྣམ་པ་གསར་སྐྲུན་བྱས་ཏེ། ཕན་འབྲས་ལྡན་པའི་སྒོ་ནས་མདོ་དབུས་མཐོ་སྒང་གི་སྲོག་ཆགས་ཆུང་གྲས་ཀྱི་རྒྱུད་འཕེལ་ཐད་ཀྱི་དཀའ་གནད་ལེགས་པར་སེལ།

ཕྱི་རོལ་གྱི་སྲུང་སྐྱོབ་ཐད་ནས། ས་ཁོངས་ཡོངས་ཀྱི་གྲལ་བཤེར་དང་། དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན། ཆེད་ལས་སྲུང་སྐྱོབ། བཀག་སྡོམ་ཐག་གཅོད་བྱ་བའི་ལམ་སྲོལ་བཅས་བཙུགས་ཏེ། རྒྱུན་རྣམ་ཅན་དུ་འཚོ་སྡོད་བྱེད་སར་སྐོར་ཞིབ་དང་རིགས་ཁྱུའི་འགུལ་རྣམ་ལ་ཚད་ཞིབ་བྱས་ནས། དུས་ཐོག་ཏུ་རྨས་སྐྱོན་དང་། ཉམས་ཞན། ཁེར་ཆད་བྱུང་བར་སྲུང་སྐྱོབ་བྱེད་པ་དང་། རྒྱུན་ཆད་མེད་པར་ཕྱི་རོལ་གྱི་རིགས་ཁྱུའི་གསོན་ཚད་བརྟན་སྲུང་བྱས་པས། རང་བྱུང་གི་འཚོ་གནས་ཉེན་ཁ་ཇེ་ཉུང་དུ་བཏང་། མི་ཐབས་ཀྱི་གསོ་སྤེལ་འགན་སྲུང་ཐད་ནས། རྟེན་གཞིས་ཚན་རིག་དང་མཐུན་པའི་སྒོ་ནས་བྱེད་ནུས་བཞི་ལྡན་གྱི་ས་ཁོངས་དགར་ཞིང་། ཚད་ལྡན་ཅན་གྱི་སྨན་བཅོས་སྒྲིག་ཆས་དང་འཕྲལ་བསྟུན་དངོས་ཟོང་ཚང་སྤྲོད་བྱས་ཏེ། ས་ཁུལ་དགར་ནས་འཛིན་སྡོམ་དང་། བརྒྱུད་རིམ་ཡོངས་ཁུངས་འདེད་བྱེད་པའི་དོ་དམ་སྲུང་སྐྱོབ་ཀྱི་རྣམ་པ་ལག་བསྟར་བྱས། ཆེད་འགན་ཕྱུགས་ཟོག་སྨན་པའི་ལག་རྩལ་རུ་དཔུང་ལ་བརྟེན་ནས། ལུས་པོར་ལྟ་ཞིབ་ཚད་ལེན་དང་། ཞིབ་ཚགས་སྒོས་ཟས་སྟེར་བ། གསོ་སྤེལ་དུས་ཀྱི་ལས་རེས་བརྟན་སྲུང་བྱེད་པ། དགོ་ཕྲུག་ཆེད་སྙོར་བྱེད་པ་སོགས་ཀྱི་ཞིབ་ཚགས་ཅན་གྱི་བྱེད་ཐབས་དོན་འཁྱོལ་བྱས་ཤིང་། བདེ་བླག་ངང་དགོ་ཕྲུག་གསོན་ཚད་དམའ་བའི་ལས་རིགས་ཀྱི་དཀའ་གནད་སེལ། དུས་མཉམ་དུ། དོ་དམ་སྲུང་སྐྱོབ་ཚོགས་པས་གསོ་སྤེལ་རྟེན་གཞིའི་རྩི་ཤིང་ལེགས་སྒྱུར་དང་། སྐྱེ་ཁམས་ཉམས་གསོ། ས་ཁོངས་ཡོངས་དུག་སེལ་བཅས་རྒྱུན་ཆད་མེད་པར་བྱས་ཏེ། མགོ་ཁུངས་ནས་རིམས་ནད་ཀྱི་ཉེན་ཁ་འགོག་སྡོམ་བྱས་ནས། རྒྱུན་ཆད་མེད་པར་རིགས་ཁྱུའི་གསོ་སྤེལ་འཚོ་གནས་ཀྱི་ཁོར་ཡུག་ཇེ་ལེགས་སུ་བཏང་།

ཐེངས་འདིའི་དགོ་དམར་མི་ཐབས་ཀྱིས་གསོ་སྤེལ་བྱས་ནས་རིགས་ཁྱུ་བརྒྱ་གྲངས་ལས་བརྒལ་བ་ནི། རང་རྒྱལ་དགོ་རིགས་རི་སྐྱེས་སྲོག་ཆགས་ཀྱི་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་ཡིན། རྗེས་མར། སྲུང་སྐྱོབ་སྡེ་ཁག་གིས་ཚན་ཞིབ་མཉམ་ལས་ཟབ་སྤེལ་བྱས་ཏེ། ཚད་ལྡན་ཅན་གྱི་གསོ་སྤེལ་འགན་སྲུང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། བརྟན་བརླིང་སྒོས་རི་དྭགས་ཅན་དུ་བསྒྱུར་བ་དང་། ཚན་རིག་དང་མཐུན་པར་ཕྱིར་གཏོང་བ། དུས་ཡུན་རིང་པོར་ལྟ་ཞིབ་ཚད་ལེན་བྱེད་པ་སོགས་ཀྱི་བྱ་བ་བསྒྲུབ་ནས། རིགས་ཁྱུའི་རང་བརྟེན་གསོན་ཚད་ནུས་པ་རྒྱུན་མཐུད་ངང་མཐོར་འདེགས་བཏང་སྟེ། མཚོ་སྔོན་པོ་བཞུར་ཁོངས་ཀྱི་སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།