ཟླ9པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་ཞང་ཉ་ནག་སོ་མ་སྡེ་བའི་ས་ཁུལ་ཁ་ཤས་ལ་དྲག་ཆར་བབས་པ་དང་། དུས་ཚོད་ཉེར་བཞིའི་རིང་གི་ཆར་བབས་ཚད་ཧའོ་སྨི111.1ལ་སླེབས་ཏེ། ས་གནས་དེའི་དུས་མཚུངས་ལོ་རྒྱུས་སྟེང་གི་ཆར་འབབ་ཚད་མཐོ་ཤོས་ལས་བརྒལ་བ་རེད། མཚོ་སྔོན་ཞིང་ཆེན་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་གཏོང་འོག མཚོ་བྱང་ཁུལ་གྱིས་ཞོད་འགོག་བྱ་བའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ། གྲངས་རིག་ཅན་གྱི་ཞོད་འགོག་མ་ལག་ལ་བརྟེན་ནས་ཆུ་ལོག་གི་གནས་ཚུལ་ཐག་གཅོད་ནུས་ལྡན་བྱས་པ་དང་། མི་སྣ་ཤི་རྨས་དང་ཞོར་སྐྱོན་གནོད་འཚེ་གང་ཡང་མེད་པས། མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་རྩུབ་པའི་འཕྲལ་བསྟུན་ཐག་གཅོད་ནུས་པ་ར་སྤྲོད་བྱུང་།
དྲག་ཆར་བབས་པ་ནས་བཟུང་། ཞོད་འགོག་ལྟ་ཞིབ་ཚད་ལེན་མ་ལག་གིས་དུས་ཐོག་ཏུ་ས་ཁོངས་ཡོངས་ཀྱི་ཆར་བབས་པའི་གནས་ཚུལ་ལྟ་ཞིབ་བྱས་ཏེ། རྐང་ཚ་རྫོང་གི་ས་ཁུལ་ཁ་ཤས་སུ་ཆར་བ་དྲག་པོ་འབབ་པར་གནད་འཁེལ་ངོས་འཛིན་བྱས། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཞོད་འགོག་དམིགས་ཚད་ཀྱིས“གྲངས་རིག་ལྟ་ཞིབ་ཚད་ལེན་དང་ཡུལ་དངོས་བརྟག་དཔྱད་ཟུང་འབྲེལ”གྱི་ཕྱོགས་གཉིས་བརྟག་བཤེར་ལམ་སྲོལ་དུས་མཉམ་དུ་ལག་བསྟར་བྱས་ཏེ། མཚོ་བྱང་ཁུལ་གྱི“སྤྲིན་གཟིག”ཞོད་འགོག་བཀོད་འདོམས་སྟེགས་བུ་བརྒྱུད་དེ་དུས་ཐོག་ཏུ་ཆར་འབབ་ཚད་ཀྱི་གཞི་གྲངས་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པ་དང་། གཞི་རིམ་གྱི་འཕྲལ་སྡོམ་ལས་བྱེད་པ་དང་འཕྲལ་སྡོམ་ཤེས་རྟོགས་པར་མཉམ་འབྲེལ་སྒོས་ཡུལ་དངོས་ནས་བསྐྱར་བཤེར་བྱས་པ་དང་། སྐར་མ་བཅོ་ལྔའི་རིང་ཁུངས་མང་གཞི་གྲངས་སྣོལ་བསྡུར་ལེགས་འགྲུབ་བྱས་ཏེ། དྲག་ཆར་གྱི་ཤུགས་རྐྱེན་ཐེབས་སའི་ལྟེ་བའི་ས་ཁུལ་གཏན་འཁེལ་ཡང་དག་བྱས། ས་གནས་ཀྱིས་དུས་ཐོག་ཏུ་ཆར་ཞོད་ཉེན་བརྡ་བཏང་བ་དང་། གནད་འཁེལ་དང་ལེན་གྱི་ལམ་སྲོལ་སྤྱད་དེ། རིམ་དབྱེ་རིགས་དགར་གྱིས་ཉེན་ཁའི་གསལ་བརྡའི་ཆ་འཕྲིན་བསྐུར་ནས། མང་ཚོགས་སྔ་མོར་ཉེན་གཡོལ་གནས་སྤོ་བྱེད་པ་དང་ཉེན་སེལ་ཐག་གཅོད་བྱེད་པར་དུས་ཚོད་བརྩོན་ལེན་བྱས།
ཆུ་ལོག་གི་གནས་ཚུལ་མགྱོགས་མྱུར་ངང་རིམ་འཕར་བྱུང་བར་དམིགས་ཏེ། རྐང་ཚ་རྫོང་གིས་སྒྲིག་སྲོལ་ལྟར་མྱུར་དུ་འཕྲལ་སྡོམ་ཐག་གཅོད་བྱ་བ་བསྒྲུབས། དྲག་ཆར་དམར་པོའི་ཉེན་བརྡ་བཏང་རྗེས་ཀྱི་སྐར་མ་གཉིས་རིང་རྫོང་རིམ་པའི་ཞོད་འགོག་དང་ལེན་གྱི་རིམ་པ་གསུམ་པ་ལག་བསྟར་བྱས། འབྲེལ་ཡོད་སྡེ་ཁག་སོ་སོ་དང་ཞང་དང་གྲོང་རྡལ་ཁག་གིས་མྱུར་དུ་མཉམ་འགུལ་བྱས་ཏེ། མྱུར་སྐྱོབ་མི་སྣ29བསྡུ་རུབ་དང་རླངས་འཁོར14གྲ་སྒྲིག་བྱས་ནས་ཉེན་ཁ་ཆེ་བའི་ས་ཁོངས་སུ་བསྐྱོད་དེ། ཉེན་ཁར་གྱར་བའི་མང་ཚོགས་འཚོལ་ཞིབ་དང་གནས་སྤོ། གནད་འགག་ས་ཚིགས་ཀྱི་ཉེན་ཁ་དོ་དམ་ཚོད་འཛིན་སོགས་ཀྱི་བྱ་བ་བསྒྲུབས་པས། ཉེན་ཁ་ཇེ་ཆེར་འགྲོ་བར་བཀག་འགོག་ནུས་ལྡན་བྱས།
ཐེངས་འདིའི་ཞོད་འགོག་ཐག་གཅོད་བྱ་བའི་ཁྲོད་མཐོ་གནས་བཀོད་སྒྲིག་དང་མདུན་བཅར་བཀོད་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འཕྲལ་སྡོམ་བཀོད་འདོམས་བགྲོད་ལམ་ཤར་གཏོང་བྱས་པ་དང་། ཆུ་ལོག་གནས་ཚུལ་གྱི་ཆ་འཕྲིན་གལ་ཆེན་དུས་ཐོག་ཏུ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་གཙོ་བོར་སྙན་ཞུ་བྱས་ཤིང་། ཉེན་གཡོལ་བདེ་འགོད་དང་། མང་ཚོགས་གནས་སྤོ། མངོན་མེད་རྐྱེན་ངན་ལེབ་བཤེར་སོགས་གཙོ་གནད་བྱ་བའི་ལས་འགན་ཁ་གསལ་བཟོས། “སྤྲིན་གཟིག”ཞོད་འགོག་བཀོད་འདོམས་སྟེགས་བུར་བརྟེན་ཏེ། སྐར་མ་ལྔའི་རིང་ཁུལ་དང་རྫོང། ཞང་དང་སྡེ་བ་བཅས་རིམ་པ་བཞིའི་ལེབ་སྙོམས་ཅན་གྱི་བཀོད་འདོམས་སྦྲེལ་ལམ་ཤར་གཏོང་བྱས་ཏེ། བཀའ་བརྡ་མྱུར་དུ་གཏོང་བ་དང་། ཡུལ་དངོས་ཀྱི་འགུལ་རྣམ་དུས་ཐོག་ཏུ་སྙན་ཞུ་བྱེད་པ། ཐག་གཅོད་བྱེད་ཐབས་དུས་མཉམ་དུ་དོན་འཁྱོལ་བྱེད་པ་བཅས་ལེགས་པོར་བསྒྲུབས། རིམ་པ་སོ་སོའི་ཁག་བགོས་དོ་དམ་གྱི་འགོ་ཁྲིད་ཀྱིས་གནས་ལ་གནས་གཏད་ཀྱི་གནད་འཁེལ་བཀོད་གཏོང་བྱེད་པ་དང་། ཡུལ་དངོས་ལ་སོང་ནས་ལྟ་སྐུལ་མཛུབ་སྟོན་བྱེད་པ་དོན་འཁྱོལ་བྱས་ཏེ། ཞོད་འགོག་བྱ་བ་མཐའ་དག་ཞིབ་ཕྲ་ཏན་ཏིག་གིས་བསྒྲུབས་པ་དང་ཕན་འབྲས་དངོས་ལོན་པར་བྱས།