རང་རྒྱལ་གྱི་ཞབས་ཞུའི་ཉོ་ཚོང་གི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་གྲུབ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྤུས་ལེགས་ཞབས་ཞུ་ནང་འདྲེན་རང་འགུལ་ངང་རྒྱ་སྐྱེད་གཏོང་བ་དང་། ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་རྒྱ་སྐྱེད་ལ་སྐུལ་ལྕག་གནང་སྟེ།  ཀྲུང་གོའི་ཁྲོམ་ར་ཆེན་མོའི་གོ་སྐབས་ཀྱིས་འཛམ་གླིང་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འདོན་སྤྲོད་བྱེད་པ་དང་། སྤུས་ལེགས་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་སྔར་ལས་མང་ཞིང་སྔར་ལས་ལེགས་པའི་ཀྲུང་གོའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས། འཛམ་གླིང་ཞབས་ཞུའི་ཉོ་ཚོང་གི་རྒྱལ་ཁབ་ཆེན་པོ་ཨང་གཉིས་པ་ཡིན་པའི་ཆ་ནས།  རང་རྒྱལ་གྱི་ཞབས་ཞུའི་ཉོ་ཚོང་གསར་གཏོད་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། སྒོ་འབྱེད་བྱེད་ཚད་སྔར་ལས་མཐོ་བ་དང་། སྒྲིག་གཞི་སྔར་ལས་ལེགས་པ། སྒུལ་ཤུགས་སྔར་ལས་ཆེ་བ་བཅས་ཀྱི་ཞབས་ཞུའི་ཉོ་ཚོང་གི་རྣམ་པ་གསར་པ་མགྱོགས་མྱུར་ངང་གྲུབ་བཞིན་ཡོད། 

ད་ལྟ། སའི་གོ་ལའི་ཕྱེད་ལྷོ་མར་གནས་པའི་པར་ཙིར་དུ་ཞིང་བ་རྣམས་ཀྱིས་རེས་སྐོར་རྗེས་མའི་ཞིང་ལས་ལོ་ཏོག་འདེབས་འཛུགས་ལ་གྲ་སྒྲིག་བྱེད་བཞིན་ཡོད། ཁྱིམ་ཚང་གི་ཞིང་ར་འདིར་ཀྲུང་གོའི་རིག་ལྡན་ཞིང་ལས་འཕྲུལ་ཆས་མ་ལག་སྤྱད་དེ། ཞིང་ལས་འཕྲུལ་ཆས་གནས་ཡུལ་དང་། འཁོར་སྐྱོད་བགྲོད་ལམ། ལས་ཡུན་བཅས་དུས་ཐོག་ཏུ་འཚོལ་བསྡུ་བྱས་ནས་ས་གནས་ཀྱི་ཞིང་བའི་ཐོན་སྐྱེད་ལས་ཆོད80%མཐོ་རུ་ཕྱིན་ཡོད།

ཞིང་ཁའི་ཞིང་ལས་ལག་རྩལ་ཞབས་ཞུ་ནས།  ཐོན་སྐྱེད་ལས་རིམ་སྟེང་གི་རིག་ནུས་ཐག་གཅོད་ཇུས་གཞིའི་བར། མཐོང་མི་ཐུབ་ལ་རེག་ཡང་མི་ཐུབ་པའི་རིག་སྟོབས་དང་། ལག་རྩལ། ཉམས་མྱོང་བཅས་མགྱོགས་མྱུར་གྱིས་ཕྱིར་གཏོང་བྱས་ཏེ། རང་རྒྱལ་གྱི་ཉོ་ཚོང་གཞི་ཁྱོན་འཕར་བ་དང་སྒྲིག་གཞི་རིམ་སྤོར་ལ་འདེགས་སྐྱོར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད། 2021ལོ་ནས2025ལོའི་བར། རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ལོ་རེར་ཆ་སྙོམས12.1%འཕར་བ་དང་ལོ་རེར་ཆ་སྙོམས་འཕར་ཚད་དུས་མཉམ་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་ཚད་ལས་མགྱོགས་པོ་ཡོད།

“ཀྲུང་གོའི་ཞབས་ཞུའི”དགེ་མཚན་གསར་པ་ཇི་ལྟར་བསྐྲུན་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དོ་ཁུར་གནང་བའི་གནད་དོན་གལ་ཆེན་ཞིག་རེད།  ཁོང་གིས་ཐོག་མཐའ་བར་གསུམ་དུ་ནན་གྱིས་བསྟན་དོན། ཞབས་ཞུའི་ཉོ་ཚོང་གསར་གཏོད་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། ཞབས་ཞུའི་ཉོ་ཚོང་དང་དེང་རབས་ཀྱི་ཞབས་ཞུའི་ལས་རིགས། རྩེར་སོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཀྱི་ཞིང་ལས་བཅས་མཉམ་འདྲེས་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ།   གསར་གཏོད་ཀྱི་གསོན་ཤུགས་སྔར་ལས་མང་བ་འདོན་དགོས་པ་མ་ཟད།  རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དང་ཧུར་ཐག་གིས་སྦྲེལ་མཐུད་བྱས་ཏེ། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དང་རྒྱལ་ཁབ་ཀྱི་ཞབས་ཞུའི་ཉོ་ཚོང་གསར་གཏོད་གོང་སྤེལ་དཔེ་སྟོན་ཁུལ་སོགས་ཀྱི་ལས་སྟེགས་སུ་སྔོན་ལ་སྒྲུབ་པ་དང་སྔོན་ལ་ཚོད་ལྟ་བྱ་རྒྱུ་ཇེ་མགྱོགས་སུ་བཏང་སྟེ། ཞབས་ཞུའི་ཚོང་ར་སྒོ་འབྱེད་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ནས། ཞབས་ཞུའི་ཉོ་ཚོང་གི་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ད་ལོའི་ཟླ4པར་འཚོགས་པའི་རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་ཞབས་ཞུའི་ལས་རིགས་ཀྱི་ནུས་བསྐྱེད་སྤུས་འདེགས་མཐོ་རུ་བཏང་ནས“ཀྲུང་གོའི་ཞབས་ཞུའི”སྤུས་རྟགས་སྔར་ལས་མང་པོ་སྐྱེད་སྲིང་བྱ་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད།

ད་ལོའི་ཚུན་དུ། ཞབས་ཞུའི་ཉོ་ཚོང་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་སྐུལ་འདེད་གཏིང་ཟབ་བཏང་། རྒྱལ་ཁོངས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་བཀག་རྒྱའི་གསལ་ཐོའི་དོ་དམ་ལམ་ལུགས་གང་མགྱོགས་སྒོས་འཐུས་ཚང་དུ་བཏང་། པེ་ཅིང་སོགས་ས་ཁུལ17དུ་རྒྱལ་ཁབ་ཀྱི་ཞབས་ཞུའི་ཉོ་ཚོང་གསར་གཏོད་གོང་སྤེལ་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་ཏེ། ཡུལ་བབ་དང་བསྟུན་ནས་འབྲེལ་ཡོད་ཐོན་ལས་སྡེ་ཚོགས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། ཞབས་ཞུ་ཕྱིར་གཏོང་བྱེད་ཚད་ཆེ་རུ་བཏང་། ཞབས་ཞུའི་ཉོ་ཚོང་ཚད་ལྡན་ཅན་གྱི“འགུལ་སྐྱོད་འཆར་གཞི”བཏོན་ནས་ཚད་ལྡན་སྣེ་ཁྲིད་ནས་འགོ་ཚུགས་ཏེ“ཀྲུང་གོའི་ཞབས་ཞུའི”རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ཡོད།  སྲིད་ཇུས“མཉམ་སྡེབ”ཀྱིས“ཀྲུང་གོའི་ཞབས་ཞུའི”འཕར་སྣོན་གྱི་བག་ཤུགས་སྔར་ལས་ཆེ་རུ་ཕྱིན་ཡོད།

ཨོ་སི་ཁྲུ་ལི་ཡའི་ཞིན་ནན་ཝེ་ཨར་ཧྲི་མངའ་སྡེ་རུ། ཀྲུང་གོའི་ཁེ་ལས་ཀྱིས་འདོན་སྤྲོད་བྱས་པའི་འོད་གསོག་གློག་འདོན་གཞི་གཅིག་ཅན་གྱི་ཐག་གཅོད་ཇུས་གཞི་ཡིས་འོད་བརྟེན་གློག་འདོན་པང་ལེབ་དང་། ནུས་གསོག་མ་ལག  གློག་སྒུལ་རླངས་འཁོར་གྱི་གློག་སྡོང་བཅས་མཚམས་མེད་དུ་མཉམ་འདྲེས་ཐུབ་པ་བྱུང་སྟེ།  གློག་དྲའི་ཁུར་པོ་ཆེ་རུ་མི་གཏོང་བ་དང་ཆབས་ཅིག་ས་གནས་ཀྱི་གློག་གསོག་སྒྲིག་བཀོད་མི་འདང་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།

གླིང་ཕྲན་སྟོང་གི་རྒྱལ་ཁབ་ཧིན་རྡུ་ཉི་ཞི་ཡར་ཀྲུང་གོ་ནས་ཐོན་པའི་མིས་བཟོས་རིག་ནུས་ལག་རྩལ་གྱིས་གླིང་ཕྲན་མང་བའི་རྒྱལ་ཁབ་ཀྱི་དྲ་རྒྱ་ཁྱབ་རྒྱ་ཆེ་བ་དང་། ལས་སྒོའི་དཔེ་དབྱིབས་རྙོག་འཛིང་ཆེ་བ་སོགས་ཀྱི་ཁྱད་ཆོས་ལ་དམིགས་ནས། རིག་ལྡན་ནུས་ཁུངས་གྲོན་ཆུང་གི་ཇུས་གཞི་ཆ་ཚང་ཞིག་འདོན་སྤྲོད་བྱས་ཡོད།

“ཐོན་རྫས་འཚོང་བ”ནས“ཞབས་ཞུ་འཚོང་བའི”བར། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོས་ལག་རྩལ་དང་། ཇུས་གཞི། ཞབས་ཞུ་བཅས་འཁྱེར་ནས་གོ་ལ་ཧྲིལ་པོར་བསྐྱོད་ཡོད། མིས་བཟོས་རིག་ནུས་དང་གྲངས་འཛིན་དཔལ་འབྱོར་སོགས་ཀྱི་གསར་གཏོད་དགེ་མཚན་ལ་བརྟེན་ནས། ཀྲུང་གོའི་ཞབས་ཞུ་ཉོ་ཚོང་དེ་གོ་ལ་ཧྲིལ་པོའི་རིན་ཐང་མུ་ཕྲེང་གི་མཐོ་རིམ་དུ་རྒྱུན་ཆད་མེད་པར་འཕར་ཡོད། ད་ལོའི་སྔོན་གྱི་ཟླ་བ་བདུན་རིང་། གློག་འཕྲིན་དང་། རྩིས་འཁོར། ཆ་འཕྲིན་ཞབས་ཞུ་དང་དེ་བཞིན་རིག་གནས་མཚོན་བྱེད་དུ་གྱུར་པའི་ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་ཚད་སྒོར་ཁྲག་ཁྲིག་དགུ་ཐེར་ཆེན་བཞི་དང་ཐེར་འབུམ་བརྒྱད་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ཟིན་པས་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་གཉིས་འཕར་ཡོད་ལ། དེས་ཞབས་ཞུའི་ཕྱིར་གཏོང་བསྡོམས་འབོར་གྱི་ཕྱེད་ཀ་ལས་བརྒལ་བ་ཟིན་ཡོད།

གྲངས་རིག་ལག་རྩལ་གྱིས་མགྱོགས་མྱུར་ངང་ནུས་པ་འདོན་བཞིན་ཡོད་ལ། རིག་གནས་ཞབས་ཞུ་ཕྱིར་གཏོང་སྤུས་འདེགས་རིམ་སྤོར་བྱུང་ཡོད་པ་དང་། དྲ་རྒྱའི་རྩོམ་རིག་དང་དྲ་རྒྱའི་ལྟ་ཉན། འགུལ་རིས་རོལ་རྩེད་སོགས་གྲངས་འཛིན་རིག་གནས་ཐོན་རྫས་བཅས་ཀྱིས་གོ་ལ་ཧྲིལ་པོར“ཀྲུང་གོའི་རླུང་འཚུབ”གཡུགས་པར་བྱས་ཤིང་། ད་ལོའི་སྔོན་གྱི་ཟླ་བ་བདུན་རིང་། མི་སྒེར་གྱི་རིག་གནས་དང་རོལ་རྩེད་ཞབས་ཞུ་ཕྱིར་གཏོང་བྱེད་ཚད57.8%འཕར་བ་དང་། འཕར་ཚད་དེས་ཞབས་ཞུ་ཕྱིར་གཏོང་གི་ཁྱབ་ཁོངས་ཁག་ལ་སྣེ་ཁྲིད་བྱས་ཡོད།

ཞབས་ཞུ་ཕྱིར་གཏོང་གི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་ཕྱིན་པ་དང་ཆབས་ཅིག སྤུས་ལེགས་ཞབས་ཞུ་ནང་འདྲེན་ཚད་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

ད་ལོ་ནས་བཟུང་། རང་རྒྱལ་གྱིས་འཕར་ཐང་གློག་འཕྲིན་དང་། སྐྱེ་དངོས་ལག་རྩལ། ཕྱི་རྒྱལ་ཚོང་པའི་མ་དངུལ་ཁེར་འཇོག་སྨན་ཁང་སོགས་ཞབས་ཞུའི་ཁྱབ་ཁོངས་ཀྱི་སྒོ་འབྱེད་ཚོད་ལྟ་བྱེད་ཁོངས་སྔར་ལས་ཆེ་རུ་བཏང་ནས། ནང་འདྲེན་ལ་སྐུལ་མ་གཏོང་བའི་ཞབས་ཞུའི་དཀར་ཆག་པར་གཞི་གསར་པ་ཁྱབ་བསྒྲགས་བྱས་ཡོད་ལ། གསར་གཏོད་དང་ལྗང་མདོག དམངས་འཚོ་བཅས་ཁྱབ་ཁོངས་ཀྱི་ཞབས་ཞུ་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་། མིག་སྔར། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས166ལ་སྦྲེལ་དྲའི་གཞི་གྲངས་ལྟེ་གནས་དང་། སྦྲེལ་དྲ་སྦྲེལ་མཐུད་ཞབས་ཞུ། ཆ་འཕྲིན་ཞབས་ཞུ་སོགས་འཕར་ཐང་གློག་འཕྲིན་ལས་སྒོ་སྤེལ་རྒྱུའི་ཆོག་མཆན་ཐོབ་པ་དང་། མཉམ་ལས་སློབ་གཉེར་སྒྲིག་གཞི86དང་མཉམ་ལས་སློབ་གཉེར་རྣམ་གྲངས133གསར་དུ་འཛུགས་རྒྱུའི་ཆོག་མཆན་ཐོབ་ལ། ཕྱི་རྒྱལ་གྱི་མ་དངུལ་ཁེར་འཇོག་སྨན་ཁང་མང་པོ་ཞིག་གིས་ལས་གཉེར་བྱེད་འགོ་ཚུགས། ཁྲོམ་ར་ཆེ་ཤོས་ཡིན་པའི་ཆ་ནས། ཀྲུང་གོས་གཉིས་ཕན་མཉམ་རྒྱལ་གྱི་རྣམ་པའི་ཐོག་ནས་འཛམ་གླིང་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་བཞིན་ཡོད།

ཞབས་ཞུའི་གསར་གཏོད་དང་འཕེལ་རྒྱས་ཀྱི་སྒུལ་ནུས་བསྐྱེད་པ་དང་། ཞབས་ཞུ་མཉམ་སྤྱོད་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་དང་། རྒྱུན་ཆད་མེད་པར་གསར་སྒྱུར་རིམ་སྤོར་བྱེད་པའི་ཞབས་ཞུའི་ཉོ་ཚོང་གིས་འཛམ་གླིང་གི་དཔལ་འབྱོར་ལ་གསོན་ཤུགས་གསར་པ་སྔར་ལས་མང་པོ་སྩོལ་ངེས་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།