ཏིང་ཞུའེ་ཞང2026ལོའི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཉོ་ཚོང་རྩེ་ཚོགས་ལ་ཞུགས་པ་མ་ཟད་ཚོགས་ཞུགས་རྒྱལ་ཕྱིའི་ཆབ་སྲིད་མི་སྣ་གཙོ་བོར་ཐུག་འཕྲད་གནང་།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཟླ9པའི་ཚེས9ཉིན། 2026ལོའི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཉོ་ཚོང་རྩེ་ཚོགས་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་རྩེ་ཚོགས་ལ་ཞུགས་པ་མ་ཟད་བརྗོད་དོན་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2026ལོའི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཉོ་ཚོང་རྩེ་ཚོགས་ཚེས9ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་རྩེ་ཚོགས་ལ་ཞུགས་པ་མ་ཟད་བརྗོད་དོན་གསུང་བཤད་གནང་།

ཏིང་ཞུའེ་ཞང་གིས་བསྟན་དོན། ཞབས་ཞུའི་ཉོ་ཚོང་ནི་རྒྱལ་སྤྱིའི་ཉོ་ཚོང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་དང་ཐོན་ལས་རིམ་སྤར་ལ་སྐུལ་སྤེལ་གཏོང་བའི་གོ་རིམ་ཁྲོད་ཐོན་པའི་ནུས་པ་ཇེ་ཆེ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཉོ་ཚོང་རྩེ་ཚོགས་སྟེང་བརྙན་ལམ་ཤིས་ཚིག་གལ་ཆེན་ཕུལ་བའམ་ཡང་ན་ཞབས་ཞུའི་ཉོ་ཚོང་རྩེ་ཚོགས་ལ་ཤིས་འཕྲིན་སྤྲིངས་ཏེ། ཞབས་ཞུའི་ཁྱབ་ཁོངས་ཀྱི་སྒོ་འབྱེད་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་དངོས་སྒྲུབ་བྱེད་ཐབས་བསྒྲགས་པ་ལས། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པའི་ཆོད་སེམས་བརྟན་པོ་དང་། གོ་ལ་ཧྲིལ་པོའི་ཞབས་ཞུའི་ལས་རིགས་དང་ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་འགན་འཁྲི་འཁུར་སེམས་མངོན་ཡོད།

ཏིང་ཞུའེ་ཞང་གིས་བསྟན་དོན། དེང་སྐབས་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་གནས་སྟངས་མགྱོགས་མྱུར་སྒོས་བསྐྱར་སྒྲིག་བྱེད་བཞིན་ཡོད་ལ། ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཞབས་ཞུའི་ལས་རིགས་ཀྱི་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་གཏོང་བ་ནི་ཀྲུང་གོའི་གདམ་ག་ཙམ་མིན་པར། འཛམ་གླིང་གི་དགོས་མཁོ་དེ་བས་ཀྱང་ཡིན། ཁོང་གིས་གྲོས་གཞི3བཏོན་པ་སྟེ། གཅིག་ནས་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་ལས་ཕྱོད་དང་གསར་གཏོད་ནུས་པ་ཆེ་རུ་བཏང་ནས། ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཞབས་ཞུའི་ཉོ་ཚོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་སྤེལ་གཏོང་དགོས། གཉིས་ནས་སྒོ་འབྱེད་སྣེ་ཁྲིད་ཀྱི་རྒྱུན་བསྐྱངས་ནས་ཞབས་ཞུའི་ཉོ་ཚོང་གི་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། དཀྱེད་ཡངས་དང་ཐུན་མོང་མཉམ་སྐྱོད་ཀྱི་རྣམ་པས་ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་ཆེ་རུ་བསྐྱེད་དགོས། གསུམ་ནས་མིས་བཟོས་རིག་ནུས་སོགས་གྲངས་རིག་ལག་རྩལ་དང་ཞབས་ཞུ་མཉམ་སྤྱོད་ལ་ཤུགས་བརྒྱབ་ནས་གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། གྲངས་རིག་ནུས་སྩོལ་ལ་བརྟེན་ནས་ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་གཏོད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། པེ་ཅིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་དབྱིན་ལི་རྩེ་ཚོགས་ལ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ། པུ་རུན་ཏི་ཡི་སྲིད་འཛིན་ཨིན་ཏཱ་དབྱི་ཧྲི་མུས་ཡེ། ཙམ་པབ་ཝེ་ཡི་སྲིད་འཛིན་གཞོན་པ་ཆི་ཝུན་ཅ། པུར་ཀ་རི་ཡའི་ཙུང་ལི་གཞོན་པ་ཕུའུ་ལེ་ཧྥུའུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱི་ལས་ཚབ་དྲུང་ཡིག་ཆེན་མོ་མའོ་ལའེ་ནོ། འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་ཏིན་ཧོང་སིན་སོགས་ཀྱིས་བརྙན་ལམ་དང་ཡང་ན་ཡུལ་དངོས་ནས་ཤིས་ཚིག་ཕུལ།

རྩེ་ཚོགས་གྲོལ་རྗེས། ཏིང་ཞུའེ་ཞང་ཞབས་ཞུའི་ཉོ་ཚོང་རྩེ་ཚོགས་ཀྱི་འགྲེམ་ཁང་དུ་ཕེབས་ནས་གཟིགས་ཞིབ་གནང་བ་མ་ཟད། འགྲེམ་ཞུགས་ལས་ཁུངས་ཀྱི་འགན་ཁུར་བ་དང་བསམ་བློ་བརྗེ་རེས་གནང་།

ཟླ9པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་ཙམ་པབ་ཝེ་ཡི་སྲིད་འཛིན་གཞོན་པ་ཆི་ཝུན་ཅ་ལ་ཐུག་འཕྲད་གནང་།

ཚེས9ཉིན་གྱི་ཕྱི་དྲོར། ཏིང་ཞུའེ་ཞང་གིས་སྔ་རྗེས་སུ་ཕུའུ་ལེ་ཧྥུའུ་དང་ཆི་ཝུན་ཅ་ལ་མཇལ་འཕྲད་གནང་། ཁོང་གིས་བསྟན་དོན། ཀྲུང་གོས་ཕྱོགས་སོ་སོ་དང་སྲོལ་རྒྱུན་མཛའ་མཐུན་འབྲེལ་བའི་རྒྱུན་བསྐྱངས་ནས། འཐབ་ཇུས་ཡིད་རྟོན་ཇེ་ཆེ་དང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་བརྩི་འཇོག ཁྱབ་ཁོངས་གཙོ་བོའི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་སྐུལ་འདེད་བཏང་སྟེ། གཉིས་ཕན་མཉམ་རྒྱལ་གྱི་གོ་རིམ་ཁྲོད་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་འདོད་ཡོད། ཕྱི་ཕྱོགས་ཀྱི་སྲིད་དོན་མི་སྣ་གཙོ་བོ་རྣམས་ཀྱིས་ཀྲུང་གོར་བཅངས་པའི་མཛའ་མཐུན་གྱི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་རྒྱ་བསྐྱེད་ནས། ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད།

ཟླ9པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་པུར་ཀ་རི་ཡའི་ཙུང་ལི་གཞོན་པ་ཕུའུ་ལེ་ཧྥུའུ་ལ་ཐུག་འཕྲད་གནང་།

2026ལོའི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཉོ་ཚོང་རྩེ་ཚོགས་དེ་པེ་ཅིང་མི་དམངས་སྲིད་གཞུང་དང་། ཚོང་དོན་པུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཉོ་ཚོང་འཕེལ་རྒྱས་གྲོས་ཚོགས་དང་། འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་དང་མཉམ་དུ་གཙོ་སྒྲུབ་བྱས་ཤིང་། ཀྲུང་ཕྱིའི་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་མི་སྣ་དང་འཐུས་མི་སོགས་མི800ལྷག་ཞུགས་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།