གོ་ལ་ཧྲིལ་པོའི་སྤྱི་པའི་བདེ་འཇགས་མཉམ་ལས་གླེང་སྟེགས(ལེན་ཡུན་ཀང)ཀྱི2026ལོའི་ཚོགས་ཆེན་འཚོགས་ཤིང་ཝང་ཞའོ་ཧུང་ཚོགས་འདུར་ཞུགས་པ་མ་ཟད་ཤིས་ཚིག་གསུངས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས9ཉིན་གོ་ལ་ཧྲིལ་པོའི་སྤྱི་པའི་བདེ་འཇགས་མཉམ་ལས་གླེང་སྟེགས(ལེན་ཡུན་ཀང)ཀྱི2026ལོའི་ཚོགས་ཆེན་ཅང་སུའུ་ལེན་ཡུན་ཀང་དུ་འཚོགས་པ་དང་། རྒྱལ་སྲིད་ཨུ་ཡོན་ནམ་སྤྱི་བདེ་པུའི་པུའུ་ཀྲང་ཝང་ཞའོ་ཧུང་ཚོགས་འདུར་ཞུགས་པ་མ་ཟད་ཤིས་ཚིག་གསུངས་པ་རེད། 

ཝང་ཞའོ་ཧུང་གིས་བསྟན་དོན། 2025ལོའི་ཚོགས་ཆེན་འཚོགས་ཚུན། ཀྲུང་གོ་ཕྱོགས་ཀྱིས་དངོས་སྒྲུབ་ནུས་ཆེ་དང་། ཡིད་རྟོན་མཉམ་ལས། ལམ་སྲོལ་སྣེ་ཁྲིད་བཅས་ལ་སྣང་ཆེན་བྱས་ནས“བྱ་སྤྱོད་ཁག་ལྔ”ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་གྲུབ་འབྲས་དང་ཉམས་མྱོང་མཉམ་སྤྱོད་ཧུར་ཐག་བྱས་ཤིང་། ཕྱོགས་གཉིས་དང་ཕྱོགས་མང་ལམ་སྲོལ་སྟེགས་བུ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་བས་གཡུར་དུ་ཟ་བའི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ལ། གོ་ལ་ཧྲིལ་པོའི་སྤྱི་པའི་བདེ་འཇགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད་བློ་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱ་ཆེའི་བསྟོད་བསྔགས་ཐོབ་ཡོད།

ཝང་ཞའོ་ཧུང་གིས་བསྟན་དོན། གོ་ལ་ཧྲིལ་པོའི་སྤྱི་པའི་བདེ་འཇགས་བཅོས་སྐྱོང་དེ་ཕྱོགས་སོ་སོའི་ལྷག་བསམ་ཟོལ་མེད་ཀྱི་འབྲེལ་གཏུག་དང་དངོས་སྒྲུབ་བྱ་སྤྱོད་དང་ཁ་འབྲལ་ཐབས་མེད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་བཞི་ལག་ལེན་ཧུར་ཐག་བསྟར་ནས། གླེང་སྟེགས་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་། བརྟན་ལྷིང་གི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པ། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་བརྟན་ལྷིང་གི་སྟོབས་ཤུགས་གཅིག་སྡུད་བྱེད་པ། བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་དང་བརྟན་ལྷིང་གི་རྨང་གཞི་སྲ་བརྟན་དུ་གཏོང་བ། འབྲེལ་མཐུད་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་བརྟན་ལྷིང་འཕེལ་རྒྱས་འགན་ལེན་བྱེད་པ། བདེ་འཇགས་ཀྱི་ཉེན་ཁ་དང་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་བདེ་འཇགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཕན་འབྲས་དངོས་ལ་བརྟེན་ནས་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་ཇེ་ཆེར་གཏོང་འདོད་ཡོད།

ད་ཐེངས་ཀྱི་ཚོགས་ཆེན་གྱི་ལོ་འཁོར་བརྗོད་དོན་གཙོ་བོ་ནི“སྤྱི་པའི་བདེ་འཇགས་བཅོས་སྐྱོང་ལ་མཐུན་སྒྲིལ་དང་སྐུལ་འདེད་བཏང་ནས་གཡོ་འགུལ་ཆེ་བའི་འཛམ་གླིང་ལ་བརྟན་ལྷིང་གི་སྟོབས་ཤུགས་སྣོན་རྒྱུ”ཞེས་པ་དེ་རེད། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་ཀྲུའུ་ཞི་ཧྥེ་ལི་ཧྥུའུ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་ལས་དོན་གྱི་འགན་འཁུར་མཁན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ལ་ཁེ་ལུའུ་ཝ་ཡིས་ཤིས་ཚིག་གནང་བ་དང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཁག་གཅིག་གི་ཚོགས་ཞུགས་སྐུ་མགྲོན་གྱིས་གཏམ་བཤད་གནང་བ་རེད། 

ཉིན་དེར་ཝང་ཞའོ་ཧུང་གིས་ཀྲུང་གོར་གོ་ལ་ཧྲིལ་པོའི་སྤྱི་པའི་བདེ་འཇགས་མཉམ་ལས་གླེང་སྟེགས(ལེན་ཡུན་ཀང)ཀྱི2026ལོའི་ཚོགས་ཆེན་ལ་ཞུགས་པར་ཕེབས་པའི་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཡོ་ནན་སྤྱི་བདེ་པུའི་པུའུ་ཀྲང་ལེའང་སན་ཀོང་དང་། འབར་མའི་ནང་སྲིད་པུའི་པུའུ་ཀྲང་ཉིའུ་དབུན་རུའེ། ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་ཉེན་རྟོག་པུའུ་ཀྲང་ཕེང་ཏ་ལི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་ལས་དོན་གྱི་འགན་འཁུར་མཁན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ལ་ཁེ་ལུའུ་ཝ་བཅས་ལ་སོ་སོར་ཐུག་འཕྲད་གནང་། ། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།