ཟླ9པའི་ཚེས9ཉིན། མཚོ་སྔོན་གྱི་སྤུས་ལེགས་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་སྦྲེལ་མཐུད་དང་པེ་ཅིང་ཡུས་ཧྲུའུ་རིག་གནས་ཐོན་ལས་འོས་སྦྱོར་སྤེལ་རེས་བྱེད་སྒོ་དེ་པེ་ཅིང་གི་ཧྲིག་ཀང་གླིང་དུ་བདེ་བླག་ངང་བསྡུས་པ་དང་། པེ་ཅིང་དང་མཚོ་སྔོན་ས་གནས་གཉིས་ཀྱི་སྐུ་མགྲོན160ལྷག་བྱེད་སྒོར་ཞུགས། ཐེངས་འདིའི་བྱེད་སྒོ་ནི་མཚོ་སྔོན་ལ་རོགས་སྐྱོར་བྱས་ཏེ་མཉམ་ལས་ལ་སྐུལ་བ་དང་། ཞབས་ཞུའི་ཉོ་ཚོང་ཚོགས་འདུ་ལས་ལེགས་རྫས་ངོ་སྤྲོད་བྱེད་ཅེས་པ་བརྗོད་དོན་དུ་བྱས་ཤིང་། པེ་ཅིང་དང་མཚོ་སྔོན་ས་གནས་གཉིས་ཀྱི་ཚོང་ལས་དང་། རིག་གནས། ཐོན་ལས་སྦྲེལ་ཟམ་བཙུགས་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་གྱི་མཉམ་ལས་ཟབ་སྤེལ་བྱས་ནས། མཚོ་སྔོན་གྱི་ཐོན་ལས་གནས་བཞི་འཛུགས་སྐྲུན་ལ་རོགས་འདེགས་བྱས་ཏེ། མཐོ་སྒང་གི་ཁྱད་ལྡན་ཐོན་ཁུངས་དེ་མཐོ་སྒང་ནས་ཕྱིར་བསྐྱོད་པ་དང་། རྒྱལ་སའི་ཁྲོམ་ར་དང་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་།
བྱེད་སྒོའི་ཡུལ་དངོས་སུ། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་མཚོ་སྔོན་ཁྱིམ་སྟོན་གྱི་ཟས་སྣ་བརྒྱ་ལྷག་གི་མཉམ་འདྲེས་ཚལ་རིགས་ཁྱབ་བསྒྲགས་བྱས་ཤིང་། ཚལ་རིགས་འདི་དག་ནི་མཐོ་སྒང་སྐྱེ་ལྡན་བཟའ་བཅའ་རྨང་གཞི་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་གཡོས་སྦྱོར་ལག་རྩལ་བསྡུ་ལེན་བྱས་ཏེ། ཁྱད་ལྡན་དགུ་ཡི་མ་ལག་ཆེན་པོ་བསྐྲུན་པ་དང་། ཟས་མཆོག་གིས་རིག་གནས་ཁྱབ་སྤེལ་ལ་ནུས་པ་བསྩལ་ནས། མཚོ་སྔོན་ཁྱད་ལྡན་བཟའ་བཅའི་ཁྲོམ་རའི་ཐབས་ལམ་རྒྱ་བསྐྱེད་པར་རོགས་འདེགས་བྱེད་པ་རེད། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་གི་ཞིང་ལས་ཞིང་སྡེ་ལེ་ཚན་ལྟེ་གནས་དང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་མཚོ་སྔོན་སྤྱི་ཁྱབ་ས་ཚིགས་དང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་བཅས་ཀྱིས་མཉམ་འབྲེལ་སྒོས་དངོས་བཤུས་བརྙན་འཕྲིན་ཉ་གསོའི་ཟིན་ཐོ་མཚོ་སྔོན་གྱི་ལེའུ་ཞེས་པ་སྤེལ་ཞིང། བརྙན་རིས་བརྒྱུད་ནས་མཚོ་སྔོན་ཞིང་ཕྱུགས་ཉའི་ཐོན་ལས་ཀྱི་འཕེལ་རྒྱས་ལག་ལེན་ཟིན་ཐོར་བཀོད་ནས། མཐོ་སྒང་དངོས་ཟོང་ཐོན་སྐྱེད་བྱས་པའི་རྒྱབ་ལྗོངས་ཀྱི་སྐྱེ་ཁམས་རིན་ཐང་དང་དམངས་ཕྱུག་གཏམ་རྒྱུད་མཚོན་པར་བྱས། ཚལ་རྔ་སོས་གསར་མ་རྐང་ཚད་ཡོད་ཀུང་ཟིས་མཚོ་སྔོན་ལེགས་རྫས་ཀྱི་ཁེ་ལས་ཀྱི་ཚབ་བྱས་ཏེ་ཡུལ་དངོས་ནས་འོས་སྦྱོར་བྱས་ཤིང་། མཚོ་སྔོན་འཁྱག་ཆུའི་ཉ་སོགས་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྲོམ་རའི་བག་ཤུགས་འགྲེམ་སྟོན་བྱས།
ཐེངས་འདིའི་འོས་སྦྱོར་ཚོགས་འདུ་ཡིས་ད་དུང་ཁྱབ་ཁོངས་མང་པོའི་ཐབས་ཇུས་མཉམ་ལས་མིང་རྟགས་འགོད་པ་སྤེལ་ཞིང་། ཡུས་ཧྲུའུ་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་དང་། ལས་རིགས་མཐུན་ཚོགས། པེ་ཅིང་ལས་རིགས་མཐུན་ཚོགས་སྣ་མང་དང་ཁེ་ལས་འཐུས་ཚབ་སོགས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་ཡིག་ལ་མིང་རྟགས་བཀོད་པ་དང་། མཉམ་ལས་ཁྱབ་ཁོངས་སུ་རིག་གནས་དང་། ཡུལ་སྐོར། ཞིང་ཕྱུགས། དབྱར་རྩྭ་དགུན་འབུ་སོགས་གཙོ་གནད་ཁྱབ་ཁོངས་མང་པོ་འདུ་ཞིང་། པེ་ཅིང་དང་ཡུས་ཧྲུའུ་ས་གནས་ཀྱི་སྣ་མང་ཐོན་ལས་མཉམ་ལས་འཕེལ་རྒྱས་ལ་སྟོབས་ཤུགས་གསོག་འཇོག་བྱས།
བྱེད་སྒོའི་མཇུག་མཐར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནས་ཡུས་ཧྲུའུ་པེ་ཅིང་ལ་འཕྲད་ཅེས་པའི་པེ་ཅིང་དང་ཡུས་ཧྲུའུ་རིག་གནས་སྤེལ་རེས་གཟའ་འཁོར་དངོས་སུ་འགོ་བརྩམས། ཐེངས་འདིའི་བྱེད་སྒོ་ནི་ཞབས་ཞུའི་ཉོ་ཚོང་ཚོགས་འདུའི་རྒྱལ་སྤྱི་ཅན་གྱི་སྟེགས་བུ་སྦྲེལ་ཐག་ཏུ་བྱས་ཏེ། མཚོ་སྔོན་ལེགས་རྫས་དང་མཚོ་སྔོན་ཁྱིམ་སྟོན་གཉིས་པེ་ཅིང་གི་ཁྲོམ་རར་བསྐྱོད་པར་སྐུལ་འདེད་བཏང་ཞིང་། ས་གནས་གཉིས་ཀྱི་སྤུས་རྟགས་ཐད་ཕན་ཚུན་གྱིས་དཔྱད་གཞིར་འཛིན་པ་དང་། དཔལ་འབྱོར་ཉོ་ཚོང་འགྲོ་འོང་དང་རིག་གནས་མཉམ་འདྲེས་ལ་སྐུལ་སྤེལ་བྱས། ཕྱོགས་གཉིས་ཀྱིས་རྒྱུན་ཆད་མེད་པར་པེ་ཅིང་ཚན་རྩལ་གསར་གཏོད་དང་། ཁྲོམ་ར། འཇོན་མིའི་དགེ་མཚན། མཚོ་སྔོན་གྱི་སྐྱེ་ཁམས་ཐོན་ཁུངས་ནུས་སྩོལ་ཐད་ནས་ནུས་པ་ལེགས་འདོན་བྱས་ཏེ། སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་དང་། ཚོང་འགུག་དངུལ་འདྲེན། ཁོངས་བརྒལ་གློག་ཚོང་། རིག་གནས་ཡུལ་སྐོར་ཐོན་ལས་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་དོན་དངོས་ཀྱིས་མཉམ་ལས་ཟབ་སྤེལ་བྱེད་པ་དང་། མཐོ་སྒང་གི་སྤུས་ལེགས་ཐོན་ཁུངས་མང་པོ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་ཏེ། གཉིས་ཕན་མཉམ་རྒྱལ་དང་། མཉམ་དུ་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱེད་རྒྱུ་རེད།