ཟླ9པའི་ཚེས9ཉིན། ཐེ་ལན་རྒྱལ་ཁབ་ཀྱི་ཆིན་མའེ་བཞུགས་ཤག་གི་འཐུས་ཚབ་ཚོགས་པ་མཚོ་སྔོན་ཞིང་ཆེན་དུ་འབྱོར་ཏེ། དུས་ཡུན་ཉིན་བཞིའི་རིང་གི་མཛའ་འབྲེལ་འཚམས་འདྲི་འགོ་བརྩམས། འདི་ནི་ཐེ་ལན་གྱི་ས་གནས་སྲིད་གཞུང་གི་འཐུས་ཚབ་ཚོགས་པས་ཐེངས་དང་པོར་མཚོ་སྔོན་དུ་འཚམས་འདྲི་བྱས་པ་རེད།
ཐེངས་འདིར་མཚོ་སྔོན་ལ་འཚམས་འདྲི་བྱས་པ་ནི་མཚོ་སྔོན་དང་ཐེ་ལན་གྱི་ས་གནས་བར་གྱི་མཛའ་བརྩེའི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་རེད། འཚམས་འདྲིའི་སྐབས་སུ། འཐུས་ཚབ་ཚོགས་པས་བཞུགས་མོལ་སྤེལ་རེས་དང་། ཡུལ་དངོས་འཚམས་འདྲི། ཟབ་ཞུགས་རང་བཞིན་གྱི་ཉམས་ལེན་སོགས་རྣམ་པ་མང་པོ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་བསྐྲུན་པ། དག་གཙང་ནུས་ཁུངས་འཕེལ་རྒྱས་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཤུལ་ནོར་སྲུང་སྐྱོབ་རྒྱུན་འཛིན་སོགས་ཁྱབ་ཁོངས་ཀྱི་ཉམས་མྱོང་དང་བྱེད་སྟངས་མ་ལག་ལྡན་པར་རྒྱུས་ལོན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་གསོན་ཉམས་ལྡན་པའི་གྲུབ་འབྲས་ལ་ཐག་ཉེ་ནས་མྱོང་ཚོར་བྱས།
ཐེངས་འདིའི་མཛའ་འབྲེལ་འཚམས་འདྲིར་གཞི་བཅོལ་ཏེ། མཚོ་སྔོན་ཞིང་ཆེན་གྱིས་ཐོན་ཁུངས་ཀྱི་དགེ་མཚན་དང་། ཐོན་ལས་དགེ་མཚན། འཕེལ་རྒྱས་བག་ཤུགས་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། ཐེ་ལན་ཕྱོགས་ཀྱིས་མཚོ་སྔོན་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་། ས་གནས་གཉིས་ཀྱི་རྒྱུན་རྣམ་ཅན་གྱི་མཐུན་སྦྱོར་སྦྲེལ་མཐུད་ཀྱི་ཐབས་ལམ་གེགས་མེད་ཡོང་བར་བྱས་ནས། ཕྱོགས་གཉིས་ཀྱིས་མི་ཚུལ་རིག་གནས་དང་དཔལ་འབྱོར་ཉོ་ཚོང་། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་སུ་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པར་རོགས་ཤུགས་འདོན་དགོས།
འཚམས་འདྲིའི་ཉིན་དང་པོར། འཐུས་ཚབ་ཚོགས་པས་སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་བཀོད་གཏོང་ལྟེ་གནས། མཚོ་སྔོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་སོགས་སུ་ཡུལ་དངོས་རྟོག་ཞིབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་བཀོད་པ་དང་། ལྗང་མདོག་རྩིས་ནུས་འཕེལ་རྒྱས་ཀྱི་རྣམ་པ། དེ་བཞིན་མཐོ་རིམ་སློབ་གསོ་འཛུགས་སྐྲུན་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།