དགེ་རྒན་དུས་ཆེན་ཐེངས་ཞེ་གཉིས་པ་སླེབས་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་བྱ་བ་སྒྲུབ་མཁན་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། དུས་ཡུན་རིང་པོའི་ནང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་ཏང་གི་སློབ་གསོའི་བྱེད་ཕྱོགས་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་གནང་བ་དང་། ལས་རྐང་དུ་གཞི་བཙུགས་ཏེ་སློབ་ཁྲིད་མི་སྣ་གསོ་སྐྱོང་གནང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་བྱས་རྗེས་གལ་ཆེན་ཕུལ་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཐབ་ལམ་གསར་བའི་སྟེང་། རྒྱ་ཆེའི་དགེ་རྒན་རྣམས་ཀྱིས་ཏང་ལ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ལ་འཇོན་མི་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་ཡིད་ལ་དམ་པོར་བཅངས་ནས་ཀུན་སྤྱོད་ལ་བརྟེན་ནས་མི་གཞི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་དགོས་ལ། སློབ་གསོ་བའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། བླ་ན་མེད་པའི་དགེ་རྒན་གྱི་ཀུན་སྤྱོད་དང་དགེ་རྒན་གྱི་སྤྱོད་ཚུལ་སྲུང་འཛིན། ཆེད་ལས་ཀྱི་བྱང་ཚད་དང་ནུས་པ་ཆེ་རུ་བཏང་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་སྣ་གསར་པ་འབད་པས་གསོ་སྐྱོང་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་མཐོང་ཆེན་བྱས་ཏེ། སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་ཞིག་བསྐྲུན་ཏེ། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་སྒྲིལ་ཤུགས་ཆེན་པོ་ཞིག་གྲུབ་པར་བྱེད་དགོས།