མཚོ་སྔོན་མགྲོན་བདག་ཞིང་ཆེན་གྱི་ངོས་ནས་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་དྲུག་པར་ཞུགས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས8ཉིན། ཀྲུང་གོ་རྒྱལ་སྤྱིའི་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་དྲུག་པ་ཞ་མོན་ནས་ཚོགས་འགོ་བརྩམས། 2021ལོའི་རྗེས་ནས་མཚོ་སྔོན་ཡང་བསྐྱར་མགྲོན་བདག་ཞིང་ཆེན་གྱི་ངོས་ནས་གདན་ཞུ་བྱས་པ་ལྟར་ཚོགས་འདུར་ཞུགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་མཚོ་སྔོན་འགྲེམ་སྟོན་ཁང་དུ་རྟོག་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་རྩོམ་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་བ་མ་ཟད་འབྲེལ་ཡོད་བྱེད་སྒོར་ཞུགས། ཧྥུའུ་ཅན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝུའུ་པིན་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ཧེ་ཧུང་གཉིས་མཚོ་སྔོན་མགྲོན་བདག་ཞིང་ཆེན་གྱི་འབྲེལ་ཡོད་བྱེད་སྒོར་ཞུགས།

ལུའོ་ཏུང་ཁྲོན་གྱིས་ཤིས་ཚིག་ནང་བསྟན་དོན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ཤིང་། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོང་པ་བྱས་ལ། སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་མཐོ་ས་བསྐྲུན་པ་དང་། ཐོན་ལས་གནས་བཞི་མགྱོགས་མྱུར་འཛུགས་སྐྲུན་བྱས་ཏེ། ལྗང་མདོག་རྩིས་གློག་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱལ་དེ་དུས་རིམ་གསར་བ་ཞིག་ཏུ་སླེབས་ཡོད་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་གལ་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། གོ་ལ་ཧྲིལ་བོར་ཤུགས་རྐྱེན་ཆེ་བའི་རྒྱལ་སྤྱིའི་དངུལ་གཏོང་མཉམ་ལས་སྟེགས་བུའི་དངུལ་གཏོང་ཚོང་ཚོགས་འདི་བེད་སྤྱོད་བྱས་ནས། གོ་ལ་ཧྲིལ་བོའི་ཐོན་ཁུངས་སྔར་ལས་སྦྲེལ་མཐུད་དང་། ཐོན་ལས་རིམ་སྤར་ནུས་སྩོལ་བྱས་ཏེ། ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་སྒོ་འབྱེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུ་ཡིན། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་རབ་མཛེས་མཚོ་སྔོན་དུ་ཕེབས་པ་དང་། རབ་མཛེས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ། རབ་མཛེས་མཚོ་སྔོན་ངོས་འཛིན་བྱེད་པར་ལྷག་བསམ་རྣམ་དག་གིས་གདན་ཞུ་བྱས་ནས། མཉམ་གཅིག་ཏུ་དུས་རབས་གསར་བའི་མཉམ་ཕན་མཉམ་རྒྱལ་དང་ནུབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་འབྲི་རྒྱུ་ཡིན།

ཚེས7ཉིན་གྱི་ཕྱི་དྲོར། ལུའོ་ཏུང་ཁྲོན་མཚོ་སྔོན་དངུལ་གཏོང་གི་ཐོན་ལས་འགངས་ཆེན་གྱི་འོས་སྦྱོར་ཚོགས་འདུར་ཞུགས་ཤིང་། ངེས་གནས་གསར་བ་དང་། གོ་སྐབས་གསར་བ། གསོན་ཤུགས་གསར་བ་བཅས་ལ་དམིགས་ནས་རབ་མཛེས་མཚོ་སྔོན་དྲིལ་སྒྲོག་འོས་སྦྱོར་བྱས། ཁོས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་གལ་ཆེན་དང་། ཐོན་ཁུངས་ནུས་ཁུངས་ཕུན་སུམ་ཚོགས་པ། འཐབ་ཇུས་གོ་གནས་འབུར་དུ་ཐོན་པ། མི་ཚུལ་རྨང་གཞི་ལེགས་པས། སྤྲོ་སེམས་འཁོལ་བའི་ངང་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་དང་མཉམ་དུ་སྐྱེ་ཁམས་ཐོན་རྫས་རིན་ཐང་རྒྱ་སྐྱེད་དང་ཐབས་ལམ་གསར་བ་མངོན་འགྱུར་ཡོང་བར་རེ་སྒུག་བྱས་ཡོད་ལ། སྐྱེ་ཁམས་ཐོན་ཁུངས་འཕར་ཐང་ཡོང་འབབ་དང་སྐྱེ་ཁམས་ཐོན་ལས་ཅན་གྱི་ཁེ་སྤོགས་མཉམ་སྤྱོད་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་ཐོན་ལས་མུ་ཕྲེང་གསར་བ་མཉམ་བསྐྲུན་བྱེད་པ། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་གསར་གཏོད་གྲུབ་འབྲས་དང་སྡེ་ཚོགས་དགེ་མཚན་མཉམ་སྤྱོད་བྱེད་པ། དག་གཙང་ནུས་ཁུངས་གཅིག་འདུས་མཉམ་འདྲེས་ཀྱི་ཐབས་ལམ་གསར་བ་མཉམ་སྐྲུན་བྱེད་པ། ནུས་ཁུངས་གསར་བརྗེ་དང་གྲངས་འཛིན་དཔལ་འབྱོར་གསར་སྒྱུར་རིམ་སྤར་གྱི་ལྡབ་འགྱུར་སྒུལ་ནུས་མཉམ་སྤྱོད་བྱེད་པ། སྐྱེ་ཁམས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་རིས་གསར་བ་མཉམ་འབྲི་དང་། རི་ཆུའི་མགོ་ཁུངས་རབ་མཛེས་མཚོ་སྔོན་གྱི་སྤུས་རྟགས་རིན་ཐང་དང་ཚོང་ལས་གོ་སྐབས་གསར་བ་མཉམ་སྤྱོད་བྱེད་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྱད་ཆོས་གསར་བ་མཉམ་སྐྱོང་། དག་གཙང་མཚོ་སྔོན་མཐོ་སྒང་སྤུས་ལེགས་དངོས་རྫས་ཀྱི་སྤུས་རྟགས་རིན་འཕར་ནུས་པ་མཉམ་སྤྱོད་བྱེད་རྒྱུ་ཡིན། མཚོ་སྔོན་གྱིས་སྟོབས་ཤུགས་ཡོད་རྒུས་མདོ་དབུས་མཐོ་སྒང་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་རྩེར་སོན་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱས་ནས། དངུལ་གཏོང་མཁན་རེ་རེ་མཚོ་སྔོན་དུ་ཟབ་ཞུགས་བྱེད་པ་དང་ལས་དོན་འགྲུབ་ཏུ་འཇུག་རྒྱུ་ཡིན།

འོས་སྦྱོར་ཚོགས་འདུའི་སྟེང་། ཝུའུ་པིན་དང་རྒྱལ་ཡོངས་ཐའེ་ཝན་སྤུན་ཟླ་དངུལ་གཏོང་ཁེ་ལས་མཐུན་འབྲེལ་ལྷན་ཚོགས་དང་། ཀྲུང་གོ་ཕྱི་ཚོང་དངུལ་གཏོང་ཁེ་ལས་མཐུན་ཚོགས། ཧྥུའུ་ཅན་ཞིང་ཆེན་བཟོ་ལས་རྐང་འཛིན་སྡེ་ཚོགས། ཙི་ཅིན་གཏེར་ལས་བཅས་འབྲེལ་ཡོད་འགན་ཁུར་བས་སྔ་རྗེས་སུ་ཤིས་ཚིག་ཕུལ། ཧྥུའུ་ཅན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་། ཚོང་ལས་མཐུན་ཚོགས། ཕྱི་དངུལ་ཁེ་ལས་ཀྱི་འཐུས་ཚབ་དང་། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་། ས་ཁུལ། གླིང་ཁུལ་གྱི་འགན་ཁུར་བློ་མཐུན། གཙོ་གནད་ཁེ་ལས་ཀྱི་འཐུས་ཚབ་བཅས་མི150ཙམ་ཚོགས་འདུར་ཞུགས། ཡུལ་དངོས་ནས་གཅིག་བསྡུས་སྒོས་ནུས་ཁུངས་གསར་བ་འཛུགས་སྐྲུན་དང་། ཚན་རྩལ་གསར་གཏོད། རིག་གནས་ཡུལ་སྐོར་མཉམ་འདྲེས། ཞིང་ཕྱུགས་ཐོན་རྫས་སྤུས་ལེགས་ལས་སྣོན། དངོས་ཟོང་སྐྱེལ་འདྲེན་སོགས་མཉམ་ལས་ལས་གཞི་དག་ལ་མིང་རྟགས་བཀོད།

ཚེས8ཉིན་གྱི་སྔ་དྲོར། ལུའོ་ཏུང་ཁྲོན་དང་། ཝུའུ་པིན། ཨ་རི་དང་ཀྲུང་གོ་ཉོ་ཚོང་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཐན་སིན་བཅས་ཀྱིས་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་དྲུག་པའི་མཚོ་སྔོན་འགྲེམ་ཁང་གི་སྒོ་མོ་ཕྱེས་ཤིང་འགྲེམ་ཁང་དུ་སྐོར་ཞིབ་བྱས་ནས་བསམ་བློ་བརྗེ་རེས་བྱས། སྐབས་འདིའི་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུར་མཚོ་སྔོན་གྱིས་སྨི་གྲུ་བཞི་མ720ཡི་བརྗོད་དོན་འགྲེམ་ཁང་བཀོད་སྒྲིག་བྱས་ཡོད་ཅིང་། དེ་རུ་སྐྱེ་ཁམས་དཔལ་ཡོན་མཐོ་ས་དང་། ཐོན་ལས་གནས་བཞི། ལྗང་མདོག་རྩིས་གློག་མཉམ་ལས། ཕྱི་ཕྱོགས་སྒོ་འབྱེད་སོགས་ཁག་བདུན་དུ་དགར་བ་མ་ཟད། མཚོ་སྔོན་དང་ཡོ་རོབ་གླིང་གི་འབྱོར་ཚོང་སྤེལ་རེས་བཞུགས་མོལ་ཚོགས་འདུ་སོགས་བྱེད་སྒོ་སྤེལ་ཞིང་། ཕྱོགས་ཡོངས་ནས་མཚོ་སྔོན་དངུལ་གཏོང་གི་དགེ་མཚན་དང་། དངུལ་གཏོང་གི་བག་ཤུགས། དངུལ་གཏོང་གི་ཁོར་ཡུག་བཅས་འགྲེམ་སྟོན་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་སྤུས་ལེགས་མ་རྩ་དང་ལས་གཞི་མཚོ་སྔོན་དུ་དོན་འཁྱོལ་བྱེད་པར་སྟོབས་ཤུགས་ཡོད་རྒུས་སྐོང་འགུག་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།