ཟླ9པའི་ཚེས8ཉིན། “ཡིད་འོང་དཔལ་ཡོན་གྱི་མེ་ཏོག་རྨ་འབྲུའི་འགོ་ཁུངས་སུ་བཞད”ཅེས་པ་བརྗོད་དོན་དུ་བྱས་པའི་དཔལ་ཡོན་ཡུལ་སྲོལ་ཚོགས་ཆེན་སྐབས་དང་པོ་མཚོ་ཤར་གྲོང་ཁྱེར་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། མཚོ་ཤར་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝུའུ་ལ་ཙི་པེ་ཁོ·རེ་སུའུ་ལི་ཧན་གྱིས་ཤིས་ཚིག་ཕུལ།
ཚོགས་ཆེན་སྟེང་ཕྱོགས་བསྡུས་འགྲེམ་སྟོན་དང་། སྲིད་དོན་བྱེད་སྒོ སྤེལ་རེས་འགྲེམ་འཁྲབ་བཅས་ཀྱི་ནང་དོན་ཆེན་པོ་གསུམ་བཀོད་སྒྲིག་བྱས་ཡོད། དཔལ་ཡོན་ཡུལ་སྲོལ་བརྗོད་དོན་དུ་བྱས་པའི་འགྲེམ་སྟོན་ཁུལ་དུ། ས་གནས་སོ་སོའི་དཔལ་ཡོན་ཡུལ་སྲོལ་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམ་སྟོན་ཁུལ་དང་། གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་ཁུལ། ཞིང་བའི་ཡིག་རིས་འགྲེམ་སྟོན། མང་ཚོགས་རང་བཞིན་གྱི་རིག་གནས་ལུས་རྩལ་བྱེད་སྒོའི་འགྲེམ་སྟོན་བཅས་འདུས་ཡོད་ལ། དངོས་རྫས་བཤམས་སྟོན་དང་ཡུལ་དངོས་འགྲེམ་འཁྲབ། ཟབ་ཞུགས་མྱོང་རོལ་བཅས་མཉམ་འབྲེལ་གྱི་རྣམ་པ་སྤྱད་དེ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་དཔལ་ཡོན་ཡུལ་སྲོལ་འཛུགས་སྐྲུན་གྱི་ཕུན་སུམ་ཚོགས་པའི་གྲུབ་འབྲས་གཅིག་བསྡུས་ཀྱིས་མངོན། ཚོགས་ཆེན་སྟེང་ཞིང་ཆེན་ཡོངས་ཀྱི་དཔལ་ཡོན་ཡུལ་སྲོལ་འཛུགས་སྐྲུན་གྱི་རྩེར་སོན་དཔེ་མཚོན་བཅུ་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་ཡོན་ཡུལ་སྲོལ་འཛུགས་སྐྲུན་གྱི་གྲོས་འགོ་བཏོན་ཏེ། ཕུལ་བྱུང་ཡུལ་སྲོལ་བསྒྱུར་བའི་བརྩམས་ཆོས་འགྲེམ་སྟོན་བྱས།
ཉིན་དེའི་ཕྱི་དྲོར། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བ་དང་། ཕིན་ཨན་ཆུས་པཱ་ཙང་ལུང་བ་ཧོས་རིགས་ཞང་སོ་རྒྱ་སྡེ་བ། ལའོ་ཏུའུ་ཆུས་ཀའོ་མུའོ་གྲོང་རྡལ་བཅས་སུ་དུས་མཉམ་དུ་ཡན་ལག་ཚོགས་ར་བསྡུས། ཚོགས་ཞུགས་མི་སྣ་དག་གིས་ཡུལ་དངོས་ལྟ་སྦྱོང་དང་བསམ་བློ་བརྗེ་རེས་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་སྒྲོག་འགྲེལ་གྲོང་གསེབ་ཀྱི་ཡུལ་དངོས་དང་པོར་ཟབ་ཞུགས་བྱས་པའི་གསོན་ཉམས་ལྡན་པའི་ལག་ལེན་མྱོང་ཚོར་བྱས་པ་དང་། གཞི་རིམ་གྱིས་སྲོལ་རྙིང་ལུགས་ངན་རྩ་གཏོར་དང་བཅོས་སྐྱོང་གི་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ། ཡུལ་དངོས་ནས་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་དང་དཔལ་ཡོན་ཡུལ་སྲོལ་འཛུགས་སྐྲུན་གྱི་ཕན་ཚུན་སྐུལ་སྤེལ་དང་ཐུན་མོང་འཕེལ་རྒྱས་ཀྱི་གྲུབ་འབྲས་བཟང་བོ་མྱོང་རོལ་བྱས།
ཐེངས་འདིའི་ཚོགས་ཆེན་ནི་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་། མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་གྲོང་ཁྱེར་དང་ཁུལ་སོ་སོའི་དྲིལ་སྒྲོག་སྡེ་ཁག ཞིང་ལས་ཞིང་སྡེའི་སྡེ་ཁག ས་གནས་སོ་སོའི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་གཞུང་ལས་ཁང་གི་འགན་ཁུར་བློ་མཐུན། ས་གནས་སོ་སོའི་སྔོན་ཐོན་དཔེ་མཚོན་དང་གཞི་རིམ་མང་ཚོགས། དྲང་ནུས་ཀྱི་དྲ་གྲགས་མི་སྣའི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས།