ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་གྲོས་གཞི་གཙོ་གནད་དུ་བཟུང་ནས་སྒྲུབ་སྐུལ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9ཚེས1ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་གྲོས་གཞི་སྐུལ་སྒྲུབ་ཚན་ཆུང་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་བསྐྱོད་དེ། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་ཝང་གོ་ཏུང་དང་ལི་ཅུན་གྱིས་བཏོན་པའི《ཧུའུ་ཀྲུའུ་ཁྱིམ་ལས་ཞབས་ཞུའི་སྤུས་འདེགས་རྒྱ་སྐྱེད་ལ་རྒྱབ་སྐྱོར་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཁྱིམ་ལས་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱ་རྒྱུའི་སྐོར་གྱི་བསམ་འཆར》ཞེས་པ་གཙོ་གནད་དུ་བཟུང་ནས་སྒྲུབ་སྐུལ་བྱས།

སྒྲུབ་སྐུལ་ཚན་ཆུང་གིས་ཧུའུ་ཀྲུའུ་དེང་རབས་ཁྱིམ་ལས་སྦྱོང་བརྡར་རྟེན་གཞི་དང་། ཧུའུ་ཀྲུའུ་འཚེམ་དྲུབ་ཐོན་ལས་རྟེན་གཞི། ཧུའུ་ཀྲུའུ་རྫོང་སྤྱི་ཚོགས་ཕན་བདེ་ལྟེ་གནས་སོགས་སུ་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། “ཧུའུ་ཀྲུའུ་ཁྱིམ་ལས་ཞབས་ཞུའི”སྤུས་རྟགས་གསོ་སྐྱོང་དང་ལས་རིགས་རྩལ་ནུས་གསོ་སྦྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་མ་ཟད། སྒྲུབ་སྐུལ་སྙན་ཞུའི་ཚོགས་འདུ་བསྡུས་ནས་འབྲེལ་ཡོད་བྱ་བའི་སྙན་ཞུ་དང་བསམ་འཆར་རེ་འདུན་ལ་ཉན་པ་དང་། འཐུས་མིས་གྲོས་གཞི་སྒྲུབ་པའི་ཕན་འབྲས་ལ་ཡིད་ཚིམ་པའི་ཚུལ་བསྟན།

སྒྲུབ་སྐུལ་ཚན་ཆུང་གིས་བསྟན་དོན། སྒྲུབ་འགན་འཁུར་མཁན་ལས་ཁུངས་ཁག་གིས་དམངས་ཆེན་འཐུས་མིའི་གྲོས་གཞི་ཡག་པོ་སྒྲུབ་པ་དེ་མང་ཚོགས་ཀྱི་རེ་སྒུག་ལ་ལན་འདེབས་པ་དང་ས་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་ལག་ཆ་གལ་ཆེན་ཞིག་ཏུ་བརྩིས་ནས་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གནད་འགག་ཆེ་སར་དམིགས་ཏེ་སྲིད་ཇུས་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་ཇེ་བརྟན་དུ་གཏོང་བ། སྡེ་ཁག་བར་མཉམ་འགུལ་དམ་ཟབ་བྱེད་པ་བཅས་བྱས་ནས་ཁྱིམ་ལས་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། འཐུས་མི་རྣམས་ཀྱིས་བཏོན་པའི་གྲོས་གཞི་ལེགས་པར་བསྒྲུབ་རྒྱུ་དེ་བྱ་བའི་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་དང་རང་འགན་འཁུར་བའི་དངོས་ཡོད་བྱ་སྤྱོད་ཡིན་པས། “ལན་འདེབས་རྒྱུ་གཙོ་བོར་འཛིན་པ་དང་དོན་འཁྱོལ་བྱ་རྒྱུ་སྣང་མེད་དུ་འཇོག་པའི”ཕྱོགས་ལྷུང་མཐའ་གཅིག་ཏུ་ཡོ་བསྲང་བྱས་ཏེ། དངོས་གནས་འཐུས་མིས་བཏོན་པ་ལྟར་ལག་ལེན་དུ་བསྟར་ཐུབ་པ་དང་། མང་ཚོགས་ཀྱི་རེ་བ་དེ་ཚོར་ཐུབ་ཅིང་མཐོང་ཐུབ་པའི་འཕེལ་རྒྱས་ཀྱི་འབྲས་བུ་དངོས་སུ་འགྱུར་བར་བྱེད་དགོས་པ་མ་ཟད། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱ་རྒྱུ་དེ་ལས་འགན་བསྒྲུབ་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཡོངས་སུ་ཁྱབ་པར་བྱེད་དགོས། འཐུས་མིའི་བཅའ་ཁྲིམས་དང་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་མོ་བྱས་ཏེ། རྗེས་འདེད་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། སྡེ་ཁག་བརྒལ་བའི་མཉམ་འགུལ་བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྒྲུབ་གཉེར་སྤུས་ཚད་ཀྱི་འགག་སྒོ་དམ་སྲུང་བྱེད་པ། རྩིས་སྤྲོད་དང་སྒྲུབ་གཉེར། ལན་འདེབས་པ། འབྲེལ་མཐུད་དང་དོན་འཁྱོལ་བཅས་བརྒྱུད་རིམ་ཧྲིལ་པོའི་བྱ་བ་སོ་སོ་ཞིབ་ཚགས་སུ་བཏང་ནས་རིགས་སོ་སོའི་གྲོས་གཞི་སྒྲུབ་རྒྱུ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།