ཟི་ལིང་ནས་མ་ལེ་ཞི་ཡའི་ཅིས་ལོང་ཕའོ་བར་གྱི་ཐད་འཕུར་གནམ་གྲུའི་འཕུར་ཐེངས་དང་པོ་ལེགས་འགྲུབ་བྱུང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས5ཉིན། མ་ལེ་ཞི་ཡའི་ཅིས་ལུང་ཕའོ་ནས་ཟི་ལིང་བར་དང་ཟི་ལིང་ནས་ཕྱིར་ཅིས་ལུང་ཕོའོ་བར་གྱི་རྒྱལ་སྤྱིའི་ཐད་འཕུར་གནམ་གྲུའི་འཕུར་ཐེངས་དང་པོ་བདེ་བླག་ངང་ལེགས་འགྲུབ་བྱུང་། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ཁོད་ཆེ་བའི་གནམ་གྲུ་གཏོང་ཐེངས་ཐོག་མ་ཡིན་ལ་ཕྱི་རྒྱལ་གྱི་ཡུལ་སྐོར་པ299ཡོད། 

མཁའ་ལམ་འདི་ཉིད་ཤར་གཏོང་བྱས་པ་དེས། ཟི་ལིང་དང་ཅིས་ལུང་ཕའོ་གཉིས་བར་གྱི་སྔར་བས་སྟབས་བདེ་བའི་བར་སྣང་གི་སྦྲེལ་ཟམ་བསྐྲུན་ཡོད་ལ། ས་གནས་གཉིས་ཀྱི་འགྲོ་འོང་དུས་ཚོད་ཇེ་ཉུང་དུ་བཏང་སྟེ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་ཁག་ཏུ་སྤེལ་རེས་མཉམ་ལས་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས། མཚོ་སྔོན་ཞིང་ཆེན་དང་མ་ལེ་ཞི་ཡ། ཐ་ན་འཛམ་གླིང་ཡོངས་ཕན་ཚུན་འབྲེལ་མཐུད་དང་རིག་གནས་འདྲེས་སྦྱོར་ཡོང་བར་ནུས་པ་གལ་ཆེན་ཐོན་ཡོད།

ད་ལྟའི་བར་དུ། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་རྒྱལ་སྤྱིའི་མཁའ་ལམ་གསར་པའི་ཤར་གཏོང་ལ་ཧུར་ཐག་བྱས་ཤིང་། ད་ཆ་ཟི་ལིང་གནམ་ཐང་དུ་རྒྱལ་སྤྱིའམ་ས་ཁུལ་རང་བཞིན་གྱི་མཁའ་ལམ་གཉིས་ཕྱེས་ཟིན། དེའི་ཁྲོད་ད་ལྟ་ཡོད་པའི་རྒྱལ་སྤྱིའི་མཁའ་ལམ་བརྒྱུད་ནས་གྲུ་གཟིངས་འོག་དངོས་ཟོག་སྐྱེལ་འདྲེན་བྱེད་སྟངས་སྤྱད་དེ་རྒྱལ་སྤྱིའི་ཟོག་འདྲེན་ལས་སྒོ་འཕེལ་རྒྱས་སུ་གཏོང་བ་དང་། ད་ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར་སན་ཝུན་ཉ་གཙོ་བོར་གྱུར་པའི་རང་ཞིང་གི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱེད་ཚད་མུ་མཐུད་རྒྱ་སྐྱེད་དེ། རྒྱལ་སྤྱིའི་ཟོག་འདྲེན་ཚད་ཏུན438ཟིན་པ་དེ་དུས་མཉམ་ལས་བརྒྱ་ཆའི393འཕར་སྣོན་བྱུང་ཡོད།

མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ནུས་ཤུགས་ཡོད་རྒུས་ཟི་ལིང་ནས་མན་ཀུའུ་དང་། ཟི་ལིང་ནས་ཅིས་ལུང་ཕའོ་བར་སོགས་ཀྱི་མཁའ་ལམ་བརྟན་འཇགས་ངང་ཤར་གཏོང་ཐུབ་པར་འགན་ལེན་བྱེད་པའི་རྨང་གཞིའི་སྟེང་། རང་རེའི་ཞིང་ཆེན་འདི་ཉིད་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་པ་དང་། ཧུར་ཐག་གིས་འབྲེལ་ཡོད་ལས་ཁུངས་ཁག་དང་མཐུན་སྦྱོར་ལེགས་པོ་བྱས་ཏེ་རྒྱལ་སྤྱིའི་མཁའ་ལམ་དྲ་རྒྱ་རིམ་བཞིན་རྒྱ་བསྐྱེད་པར་འབད་བརྩོན་ལྷོད་མེད་བྱས་ནས། ཟི་ལིང་གནམ་ཐང་དུ་རྒྱལ་སྤྱི་དང་ས་ཁུལ་གཞན་པའི་མཁའ་འགྲུལ་ལམ་ཐིག་མང་པོ་གསར་འབྱེད་ཐུབ་པ་བརྩོན་ལེན་བྱས་པས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་རྣམས་མཚོ་སྔོན་དུ་ལྟ་སྐོར་དང་དཔལ་འབྱོར་ཉོ་ཚོང་། རིག་གཞུང་བརྗེ་རེས་བཅས་བྱེད་པར་ཕེབས་འགུགས་བྱས་ཡོད་པས། རབ་མཛེས་མཚོ་སྔོན་ཞེས་པའི་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་གྲགས་ཅན་གྱི་ཤུགས་རྐྱེན་དང་མཚན་སྙན་མཐོར་འདེགས་བཏང་ཡོད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།