ཆུ་བོ་གཅིག་གིས་སྦྲེལ་བའི་རྒྱལ་ཁབ་དྲུག ལོ་ངོ་བཅུ་ཡི་ལམ་ཕྱོགས་གསར་པ་ཕྱེས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ང་རང་གཙང་བོའི་མགོ་ནས་ཡོང་། ཁྱེད་རང་གཙང་བོའི་མཇུག་ནས་ཡོང་།  ངེད་གཉིས་བརྩེ་བ་མཁའ་ལས་ཡངས། བཏུང་བ་གཙང་ཆབ་གཅིག་གི་ཆུ།   

2026ལོ་ནི་རྫ་མེ་མཉམ་ལས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་འཚོགས་ནས་ལོ10འཁོར་བའི་ལོ་ཡིན་ལ། རྫ་མེ་མཉམ་ལས་པར་གཞི2.0ཅན་གྱི་རྒྱང་ལམ་གསར་བར་བསྐྱོད་པའི་དུས་ཚིགས་གལ་ཆེན་ཞིག་ཡིན། ལོ་ངོ10ཡི་རིང་གི་མཉམ་ལས་གསོག་འཇོག་དང་། ད་སྔའི་རྫ་མེ་རྒྱལ་སྤྱིའི་བརྙན་གཟུགས་གཟའ་འཁོར་ལས་འཕྲོས་པའི་སྟེགས་བུ་ལ་གཞི་བཅོལ་ཏེ། ཟླ8པའི་ཚེས27ཉིན་ནས་ཚེས30ཉིན་བར་དུ། ཕྱོགས་ཡོངས་ནས་རིམ་སྤར་བྱས་པའི“རྫ་ཆུ་དང་མེ་ཀོང་གཙང་བོའི་མགོ་ཁུངས་ཀྱི་མཉམ་ལས་གླེང་མོལ།”གྱི་མུ་འབྲེལ་བྱེད་སྒོ་མཚོ་སྔོན་ཞིང་ཆེན་ནས་སྤེལ་ཞིང་། རྫ་མེ་གཙང་བོ་འབབ་རྒྱུད་དུ་ཆགས་པའི་རྒྱལ་ཁབ་དྲུག་གི་སྐུ་མགྲོན་རྣམས་རི་ཆུ་གྲངས་མེད་བརྒལ་ཏེ་ཆུ་བོའི་མགོ་ཁུངས་སུ་འཛོམས་ནས་གཙང་བོའི་དུས་ཆད་དང་། ཤེས་རིག་གི་དུས་ཆད།  མཛའ་བརྩེ་ཡི་དུས་ཆད་ལ་མཉམ་དུ་ཞུགས།

ཐེངས་འདིའི་བྱེད་སྒོ་སྒོ་ཀུན་ནས་རིམ་སྤར་བྱས་ཡོད་དེ།  སྣ་ཆིག་རྐྱང་གི་བརྙན་གཟུགས་ངོམ་སྟོན་ནས་ཐུན་མོང་བགྲོ་གླེང་དང་། དངོས་ལྗོངས་མྱོང་རོལ། རིག་གནས་ཡུལ་སྐོར་འོས་སྦྱོར།  ན་གཞོན་ཕན་ཚུན་བརྗེ་རེས།  སྨྱན་བྱེད་ཀྱི་རྒྱུད་སྒྲོག་བཅས་གཅིག་ཏུ་གྲིལ་བའི་ཕྱོགས་བསྡུས་རང་བཞིན་གྱི་བྱེད་སྒོ་ཞིག་ཏུ་འཕར་ཡོད།   བརྙན་མིག་འོག་གི་སྣང་བརྙན་སྣ་ཚོགས་དང་།  ཡུལ་དངོས་སུ་སྐྱོད་པའི་ལམ་དུ་ཡིད་ལ་སྣང་བའི་དྲན་ཚོར།  ཡང་ན་ཚོགས་རའི་ནང་གི་བསམ་བློ་མི་འདྲ་བའི་གདོང་ཐུག་སོགས་གང་ཡིན་རུང་ཡོད་ཚད་རྫ་མེ་མཉམ་ལས་ལ་ཆུ་མགོ་དྲོད་ཚད་དང་མཐོ་སྒང་གི་གསོན་ཤུགས་སྣུམ་པོ་ཞིག་བསྣན་ཆེད་རེད།

ཆུ་རྒྱུན་གཅིག་གི་རྒྱུད་དུ་མགོ་ཁུངས་གཅིག་པའི་རྫ་མེའི་བརྩེ་བ་སྦྲུམ།

ཟླ8ཚེས28ཉིན། རྫ་མེ་གཙང་བོའི་ཕུལ་བྱུང་བརྙན་རིས་བརྩམས་ཆོས་འགྲེམ་སྟོན་མཚོ་སྔོན་ཞིང་ཆེན་མཛེས་རྩལ་ཁང་དུ་སྤེལ།  འགྲེམ་སྟོན་ཚོམས་ཆེན་དུ་ཆུ་བོ་གཅིག་ལ་བརྟེན་པའི་སྣ་མང་ཤེས་རིག་ཅིག་བརྙན་མིག་གི་མདུན་དུ་འཕྲད། ཕྱོགས་གཅིག་ནི་གསའ་ཡི་བྲག་ལས་མཆོང་བ་དང་། བརླན་ས་མཁའ་མཐར་བསྲིངས་པ། གཙང་ཆབ་ཆིལ་ཆིལ་དུ་འབབ་པའི་མཐོ་སྒང་གི་ཡུལ་ལྗོངས་མངོན་ཞིང་། ཕྱོགས་གཅིག་ན་མེ་ཀོང་གཙང་བོའི་འགྲམ་རྒྱུད་དུ་ཆགས་པའི་གྲོང་དང་གྲོང་གསེབ་ཀྱི་འཚོ་བའི་རྣམ་པ་དང་། དམངས་སྲོལ་དུས་སྟོན།  ཕུན་སུམ་ཚོགས་པའི་ཉམས་འགྱུར་སྣ་ཚོགས་མངོན་ཡོང་། རྒྱལ་ཁ་སོ་སོའི་སྐུ་མགྲོན་རྣམས་འགྲོ་མཚམས་བཞག་སྟེ་བརྙན་མིག་ནང་གི་ཁྱིམ་གཞིས་དང་ཡུལ་སྲོལ། དམངས་ཀྱི་འཚོ་བ་རོལ་སྟངས་སོགས་མི་གཅིག་ཀྱང་ཐོག་མའི་སེམས་འདུན་བརྟན་སྲུང་གི་རྣམ་པ་ལ་ཞིབ་གཟིགས་གནང་བཞིན“གཙང་ཆབ་གཅིག་ལ་བརྟེན་པའི་ལས་དབང་གི་འབྲེལ་ཐག་དམ་པོ”འདིའི་ནང་སྙིང་ཟབ་མོ་རྟོགས། 

ཐའེ་ཀྲུང་དཔལ་འབྱོར་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝའུ་ཞའོ་ཧན་གྱིས་ངོ་མཚར་དང་བཅས་འདི་སྐད། བརྙན་གཟུགས་ནི་རི་མི་བཤམས་པ་ཙམ་ཁོ་ན་མ་ཡིན་པར་རྒྱལ་མཚམས་བརྒལ་ཏེ་དམངས་སེམས་སྦྲེལ་བྱེད་ཀྱི་ཟམ་པ་ལྟ་བུ་ཞིག་ཡིན་པས། རྫ་མེ་ཡི་མཛའ་བརྩེ་ཡང་བརྙན་གཟུགས་ཁྲོད་དུ་མི་རབས་ནས་མི་རབས་སུ་རྒྱུད་སྤྲོད་བྱེད་དུ་བཅུག་ཡོད་ཟེར།

ད་ལོའི་བྱེད་སྒོས་གཙོ་བོ་ཤེས་ཚོར་དང་བརྩེ་བ་གཅིག་ལ་གཏད་དེ་རྫ་མེ་འབབ་རྒྱུད་ཀྱི་རྒྱལ་ཁབ་སོ་སོའི་སྐུ་མགྲོན་གྱིས་མྱོང་བ་དངོས་ཀྱི་ཐོག་ནས་མཚོ་སྔོན་གྱི་ཆུ་བོའི་མགོ་ཁུངས་ཀྱི་འགན་འཁྲི་ལ་གོ་བ་ལེན་པར་ཁྲིད་སྟོན་བྱས་ཡོད། Hi Qinghai”སྟེ་ཆུ་བོའི་མགོ་ཁུངས་ལ་མྱོང་རོལ་བྱེད་པའི་བྱེད་སྒོར་གཞི་བཅོལ་ཏེ། སྐུ་མགྲོན་རྣམས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དྲན་གསོ་རྡོ་རིང་མདུན་དུ་འགྲེང་སྟེ། “རྒྱལ་ཁབ་དྲུག་དེ་གཙང་བོ་གཅིག་གིས་སྐྱོང་། ས་ཁོངས་ཆེན་པོ་ཆུ་མགོ་གཅིག་གིས་སྦྲེལ”ཞེས་པའི་དམིགས་བསལ་གྱི་འགན་འཁྲི་ལ་ཤེས་རྟོགས་ཟབ་མོ་བྱས།
  སྐུ་མགྲོན་དག་ཧྲན་ཡུན་ས་རུམ་སྡེ་ཤོག་དང་མཚོ་སྔོན་བོད་ཀྱི་རིག་གནས་བཤམས་མཛོད་ཁང་། ཟི་ལིང་གྲོང་ཁྱེར་འགྲེན་སྟོན་ལྟེ་གནས་སུ་བསྐྱོད་དེ། གཟུགས་འདས་རིག་གནས་ཤུལ་བཞག་གི་ལག་ཤེས་དང་། ལོ་རྒྱུས་དང་རིག་གནས་ཀྱི་སྲོག་རྒྱུན། གྲོང་ཁྱེར་གྱི་འཕེལ་འགྱུར་བཅས་ཀྱི་ཁྲོད་ནས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་། རིག་གནས་རྒྱུད་འཛིན། དེང་རབས་ཅན་གྱི་འཛུགས་སྐྲུན་བཅས་བརྒྱུད་དེ་མཉམ་གནས་མཉམ་འཕེལ་དངོས་མཚོན་པའི་ལྗོངས་རིས་གསོན་ཉམས་ལྡན་པར་མཐོང་། ཐེངས་འདིར་ད་དུང“མཚོ་སྔོན་གྱི་དངོས་པོ་སྤུས་ལེགས”ཞེས་པའི་ཚོང་འགྲེམ་ཡང་སྤེལ་ཏེ། མཚོ་སྔོན་གྱི་ཁྱད་ལྡན་ལག་ཤེས་ཀྱི་ཐོན་རྫས་དང་། ཞིང་ཕྱུགས་ལས་ཐོན་རྫས། རིག་གནས་ཡུལ་སྐོར་ཐོན་ཁུངས་བཅས་ཕྱོགས་གཅིག་ཏུ་བསྡུས་ནས་འགྲེམ་ཚོང་བྱས་ནས་རྩེ་རིམ་བརྗེ་སྤེལ་དང་དམངས་ཁྲོད་འབྲེལ་འདྲིས་ཟུང་འབྲེལ་བྱས་ཡོད།

བློ་གྲོས་ཀྱི་འབྲེལ་ཟམ་ལས་སྣ་མང་གླེང་མོལ་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས།

རྫ་མེ་མཉམ་ལས་ཀྱི་ཆུ་མགོའི་གླེང་མོལ་སྤེལ་དོན་ནི་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཟུར་ལྟ། ཕན་ཚུན་སློབ་སྦྱོང་བྱེད་པའི་སྣ་མང་བགྲོ་གླེང་གི་འབྲེལ་ཟམ་འཛུགས་ཆེད་ཡིན། རེ་བ་ཆེན་པོ་ཡང་ཐེངས་འདིའི་བྱེད་སྒོ་བརྒྱུད་དེ་རྫ་མེ་འབབ་རྒྱུད་དུ་ཆགས་པའི་རྒྱལ་ཁབ་ཁག་གི་ཚོང་དོན་དང་རིག་གནས། ཡུལ་སྐོར། སྐྱེ་ཁམས་སོགས་ཁྱབ་ཁོངས་མང་པོའི་བར་གྱི་འབྲེལ་འདྲིས་དང་འབྲེལ་བར་སྐུལ་འདེད་དང་། རྫ་མེ་མཉམ་ལས་ཀྱི་འབྲེལ་རྒྱུན་ཇེ་ལེགས་ཇེ་རྒྱས་ཐད་ལ་སྐུལ་སྤེལ་བྱེད་རྒྱུ་དེ་རེད།

ཐེངས་འདིའི་བྱེད་སྒོའི་ཁྲོད་དུ“ཆེད་ལས་ཀྱི་བགྲོ་གླེང་ཐེངས་གསུམ+ན་གཞོན་བར་གྱི་གླེང་མོལ+སྨྱན་སྦྱོར་གྱི་བཅར་འདྲི”བཅས་ལངས་གཟུགས་ཅན་དང་རིམ་པ་མང་པའི་བརྗེ་རེས་མ་ལག་ཞིག་གསར་དུ་བཏོད་ཅིང་། ནང་དོན་གྱི་ཆ་དེ་ཐོན་ལས་མཉམ་ལས་དང་། སྐྱེ་ཁམས་བཅོས་སྐྱོང་། རིག་གནས་རྒྱུན་འཛིན། ན་གཞོན་ཡར་རྒྱས། སྨྱན་བྱེད་ཀྱི་བརྒྱུད་སྒྲོག་བཅས་ཟུར་ཆེན་པོ་ལྔ་ལ་ཁྱབ་རྒྱུ་ནི་ཐེངས་དེའི་བྱེད་སྒོའི་བརྗོད་སྙིང་ཉག་ཅིག་རེད།

ཟླ8ཚེས29ཉིན། ཐོན་ལས་མཉམ་ལས་དང་འབབ་རྒྱུད་ཀྱི་སྐྱེ་ཁམས། རིག་གནས་ཤུལ་བཞག་སྲུང་སྐྱོབ་བཅས་ཀྱི་ཆེད་སྒྲིག་བགྲོ་གླེང་གསུམ་དུས་ལྟར་སྤེལ་བ་དང་། རྫ་མེའི་རྒྱལ་ཁབ་དྲུག་གི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ། མཁས་པ་གྲགས་ཅན་གདན་གཅིག་ཏུ་འཛོམས་ཏེ། ཐོན་ལས་ཕན་ཚུན་མཉམ་འབྲེལ་དང་སྤེལ་རེས། རྒྱལ་ཁོངས་བརྒལ་བའི་སྐྱེ་ཁམས་མཉམ་ལས་བཅོས་སྐྱོང་། འབབ་རྒྱུད་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན། རིག་གནས་ཡུལ་སྐོར་ཟབ་སྤེལ་བཅས་གླེང་གཞིར་བཟུང་ནས་བགྲོ་གླེང་གང་ལེགས་བྱས།

ཐོན་ལས་མཉམ་ལས་ཀྱི་གླེང་མོལ་ཕྱོགས་ནས་ཀྲུང་གོ(ཁུན་མིང)ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་ཤར་ལྷོ་ཞིབ་འཇུག་གླིང་ཨེ་ཤ་ཡ་ཤར་ལྷོའི་ཞིབ་འཇུག་ཁང་གི་མགོ་གཙོ་ཀྲའོ་ཀྲའུ་ལན་གྱིས་འདི་སྐད། ཞིང་ལས་རྨང་གཞི་དང་། བཟོ་སྐྲུན་དང་ནུས་ཁུངས་རྒྱུན་ཐག ནུས་ཁུངས་གསར་པའི་རླངས་འཁོར་པ་སྒྲོམ་གཞི། འཇོན་མི་སྐྱེད་སྲིང་སྲོག་ཏུ་བསྡུས་པ་ལ་བརྟེན་ནས་རྫ་མེ་མཉམ་ལས་ཀྱི་མཉམ་ལས་བྱ་ཡུལ་རྒྱལ་ཁབ་བར་རང་རྐྱ་ཐུབ་ལ། ཆ་ཚང་བ། རྒྱུད་མཐུད་ཐུབ་པའི་ཐོན་ལས་མ་ལག་ཅིག་བསྐྲུན་པར་རོགས་བྱེད་བཞིན་ཡོད་ཟེར།

སྐྱེ་ཁམས་ཀྱི་གླེང་མོལ་ཕྱོགས་ནས་རྒྱལ་ཁབ་སོ་སོའི་འཐུས་མིའི་ལྟ་བ་གཅིག་མཐུན་བྱུང་བ་སྟེ། རྒྱལ་ཁོངས་བརྒལ་བའི་ཆུ་བོའི་འབབ་རྒྱུད་སྲུང་སྐྱོབ་ལ་རྒྱལ་མཚམས་མེད་པས།  རྒྱལ་ཁབ་གཅིག་གི་སྟོབས་ཤུགས་ཙམ་གྱིས་འབབ་རྒྱུད་ཀྱི་སྐྱེ་ཁམས་འགྲན་རྩོད་ལ་ཁ་གཏད་གཅོག་དཀའ་པས། ངེས་པར་དུ་འབབ་རྒྱུད་ཡོངས་ཀྱི་ཟུར་ནས་ཚན་རིག་གཞི་གྲངས་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་འཕེལ་རྒྱས་ཕྱོགས་གཉིས་ལ་རྒྱལ་ཁབ་དྲུག་པོའི་མཉམ་ཤུགས་འདོན་དགོས། རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་གླེང་མོལ་ཕྱོགས་ནས་རིག་དངོས་སྲུང་སྐྱོབ་དང་། རྒྱལ་ཁོངས་བརྒལ་བའི་མཉམ་ལས། རིག་གནས་ཡུལ་སྐོར་མཉམ་བསྲེས་བཅས་དམིགས་སུ་བཟུང་སྟེ། མི་ཆོས་རིག་གནས་ཀྱི་བརྩེ་བ་ཟབ་མོའི་རྒྱུན་ལེགས་པར་བསྐྱངས་ནས་མཉམ་དུ་ཕན་ཚུན་གྱི་དཔལ་ཡོན་མེ་ལོང་དུ་བཟུང་ནས་འཕེལ་རྒྱས་གཏོང་དགོས་ཞེས་པ་དེ་རེད།

ན་གཞོན་གྱི་གླེང་མོལ་དང་སྨྱན་བྱེད་ཀྱི་བཅར་འདྲི་ཕྱོགས་ནས་བྱེད་སྒོ་ལ་གསོན་ཤུགས་ཤིག་དང་ན་གཞོན་གྱི་བསམ་བློ་ཞིག་བསྣན། 

ཧྥུ་ཏན་སློབ་ཆེན་གྱི་སློབ་མ་ལུང་ཞི་ཧྲིན་གྱིས་ཚོར་བ་ཟབ་མོས་འདི་སྐད། ཚང་མ་རྒྱལ་ཁབ་མི་འདྲ་བ་ནས་ཡོང་ལ། སོ་སོ་ལ་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་ཡོད་ན་ཡང་།  རིག་གནས་ཀྱི་ལྟ་གྲུབ་དང་། འཚོ་བའི་གོམས་གཤིས། བརྩེ་སེམས་མཚོན་སྟངས་སོགས་ཀྱི་ཆ་ནས་ཚང་མ་ལ་ཡང་འདྲ་ས་མང་པོ་ཡོད།  དེ་ལྟ་བུའི་འདྲ་ས་དང་སྣ་མང་རང་བཞིན་གྱིས‘བཏུང་བ་ཆུ་རྒྱུན་གཅིག ལས་དབང་གཅིག་ཏུ་སྦྲེལ’ཞེས་པའི་དོན་སྙིང་དེ་ང་ཚོས་རྟོགས་ཡོང་། གཙང་བོ་འདིས་རྒྱལ་ཁབ་དྲུག་གི་ས་ཁམས་བར་སྟོང་སྦྲེལ་ཡོད་པར་མ་ཟད། དུས་ཡུན་རིང་བོར་གྲུབ་པའི་མི་ཆོས་འབྲེལ་འདྲིས་དང་མཛའ་བརྩེ་འབྲེལ་བ་ཐེག་ཡོད་ཟེར། མགོ་ཁུངས་སུ་ལག་རྡང་གཅིག་ཏུ་སྒྲིལ་ནས“གསེར་མདོག་གི་ལོ་བཅུ”ཡི་དབུ་ཁྱུད་བྲིས།

“ལོ་ངོ་བཅུ་ཡི་རིང་ལ་རྫ་མེ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ། ཆུ་བོ་གཅིག་ལ་བརྟེན་ནས་ང་ཚོས་མུ་མཐུད་དུ་ཁོར་ཡུག་སྲུང་སྐྱོབ་དང་། རིག་གནས་ཡུལ་སྐོར། དམངས་ཁྲོད་ཀྱི་མཛའ་མཐུན་འགྲོ་འོང་སོགས་ཁྱབ་ཁོངས་སུ་མཉམ་ལས་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད། ”

“རྫ་མེ་མཉམ་ལས་ཀྱིས‘གསེར་མདོག་གི་ལོ་བཅུ’གཉིས་པ་མགོ་བརྩམས་པས། ཁྱབ་ཁོངས་དུ་མས་མཉམ་ལས་ལ་རེ་སྒུག་གིས་ཁེངས་ཡོད”ཅེས་མགོ་ཚུགས་མཛད་སྒོའི་སྟེང་དུ། ཁམ་ཕུ་ཁྲེ།  ལོ་སི། འབར་མ། ཐེ་ལན། ཝེ་ཐེ་ནམ་བཅས་རྒྱལ་ཁབ་ཀྱི་སྐུ་མགྲོན་རྣམས་ལ་སྨོན་ཚིག་ཕུལ། 

 གཙང་བོའི་མགོ་ཁུངས་གཅིག་པ་ནི་མ་བཅོས་རང་བྱུང་གི་དགེ་མཚན་ཡིན་ལ། གཉིས་ཕན་མཉམ་ལས་ནི་ད་གཟོད་མཉམ་འཕེལ་མཉམ་རྒྱས་ཀྱི་ལམ་བུ་ཉག་ཅིག་ཡིན། རྫ་མེ་མཉམ་ལས་ཀྱི་སྲོག་རྒྱུན་དེ་རི་ཆུ་འབྲེལ་བའི་ས་ཁམས་ཆགས་གྲུབ་ཀྱི་སྟེང་དུ་རྩ་བ་ཚུགས་ཡོད་པ་མ་ཟད། དམངས་ཕན་དམངས་ཚིས་ཀྱི་རིན་ཐང་འཚོལ་སྙེག་ལ་ཡང་རག་ལས།

“ང་ཚོས་མཉམ་ལས་བྱེད་པའི་མཐར་ཐུག་གི་དམིགས་ཡུལ་ནི། དཔལ་འབྱོར་དང་རིག་གནས་འབྲེལ་འདྲིས་དང་བརྗེ་སྤེལ་ཁོ་ན་ཙམ་ལ་སྙེག་པ་མ་ཡིན། གཙོ་བོ་རྫ་མེ་འབབ་རྒྱུད་དུ་ཆགས་པའི་རྒྱལ་ཁབ་སོ་སོའི་དམངས་ཀྱི་འཚོ་བར་ཕན་བདེ་འབྱུང་ཆེད་དང་། ལས་དབང་གཅིག་མཐུན་ཀྱི་ཚོགས་པ་མཉམ་འཛུགས་དང་། འཕེལ་རྒྱས་ཀྱི་ཕུགས་སེམས་མཉམ་དུ་མངོན་འགྱུར། རྒྱུན་མཐུད་འཕེལ་རྒྱས་དང་མཉམ་དར་མཉམ་འཕེལ་ཡོང་ཆེད་ཡིན་ཟེར།”

རྫ་ཆུ་དང་མེ་ཀོང་གཙང་བོའི་མགོ་ཁུངས་དང་ཆུ་གསོག་ཁུལ་གྱི་ལྟེ་བ་ཡིན་པའི་ཆ་ནས་མཚོ་སྔོན་གྱིས་འབབ་རྒྱུད་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བའི་མགོ་ཁུངས་ཀྱི་འགན་འཁྲི་ཕྲག་ཏུ་ཐེག་ཡོད།  ལོ་དུ་མའི་རིང་ལ། མཚོ་སྔོན་གྱིས་རྫ་མེ་མཉམ་ལས་ཀྱི་བཀོད་པ་ཆེན་པོར་མ་སྐུལ་རང་རྟོགས་ཀྱིས་ཞབས་ཞུ་བསྒྲུབས་ཏེ། མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཉམས་མྱོང་རྒྱུན་ཆད་མེད་པར་དེ་ཕྱོགས་ལ་བཀོལ།  2021ལོ་ནས་བཟུང་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཆེད་དོན་མ་དངུལ་རྒྱུན་ཆད་མེད་པར་བཏང་སྟེ། ཆུ་མགོའི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་བཅོས་སྐྱོང་། ཆུ་འགྲམ་སླར་གསོ་ལ་སོགས་པའི་ལས་གཞི་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས།
  ད་ལོའི་ཟླ6པར། རྫ་མེ་འབབ་རྒྱུད་ཀྱི་རི་ཆུ་ནགས་ཞིང་མཚོ་རྩྭ་ཐང་བྱེ་ཀློང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་སླར་གསོ་ལས་གཞི་ལ་ཆོག་མཆན་ཐོབ་པས། སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་ཇེ་བརྟན་དུ་བཏང་སྟེ། འབབ་རྒྱུད་ཀྱི་གནོད་མེད་འཕེལ་རྒྱས་དང་མཉམ་ལས་མཉམ་བཅོས་བྱས་ནས་ཆུ་མགོའི་རྨང་གཞི་སྲ་བརྟན་དུ་གཏང་འཆར་ཡོད།

ལངས་གནས་གསར་པར་འགྲེང་སྟེ། གཙང་བོ་གཅིག་གི་འབབ་རྒྱུན་ལས་འདས་སོང་གི་འབད་འབུངས་མཐོང་ཐུབ་ལ། རྒྱལ་ཁབ་དྲུག་གི་ཐུན་མོང་གི་རེ་སྒུག་ཐེག་ཡོད།

རྫ་མེ་མཉམ་ལས་ཀྱི་སླད་ཕྱིན་གྱི“གསེར་མདོག་གི་ལོ་བཅུ”འདི་ལ་ཁ་ཕྱོགས་ཏེ། མཚོ་སྔོན་གྱིས་གླེང་མོལ་བྱེད་སྒོ་དེ་སྒྲིལ་སྲོལ་ཅན་དང་། རྒྱུན་ཚུལ་ཅན་དུ་བསྒྱུར་ནས་ཆུ་མགོའི་གླེང་མོལ་ལ་བརྟེན་ནས་དཔལ་ཡོན་འབྲེལ་འདྲིས་དང་བརྗེ་སྤེལ་གྱི་སྟེགས་བུ་བཙུགས་ནས་མུ་མཐུད་དུ་སྐྱེ་ཁམས་དང་། ཐོན་ལས། རིག་གནས་ཡུལ་སྐོར། ན་གཞོན། སྨྱན་སྦྱོར་བཅས་ཀྱི་མཉམ་ལས་བར་སྟོང་ཆེ་རུ་བསྐྱེད་དགོས།

ཆུ་བོའི་མགོ་ཁུངས་རྒྱང་ན་ཡོད་རུང་། དམངས་སེམས་ཕན་ཚུན་གཅིག་ལ་འདྲེས། རི་ཆུའི་བར་ཐག་རྒྱང་རིང་ཡང་། ལས་དབང་གི་ཞགས་པས་གཅིག་ཏུ་སྦྲེལ།  ད་ཆ་ཆུ་གསུམ་མགོ་ཁུངས་མཉམ་ལས་གཏམ་བཟང་དེ་ཆུ་ཡི་བཞུར་རྒྱུན་དང་འགྲོགས་ཏེ། རྫ་མེ་འབབ་རྒྱུད་དུ་ཆགས་པའི་རྒྱལ་ཁབ་དྲུག་གི་དམངས་སེམས་ལ་བབས་ནས་ཕན་ཚུན་བར་སློབ་སྦྱོང་དང་ཟུར་ལྟ་བྱེད་ངེས་ལ། མཉམ་དུ་ལེའུ་གསར་པ་ཞིག་བརྩམས་ཏེ།  རྫ་མེ་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་གྱི་འཛུགས་སྐྲུན་ཕུགས་བརྟན་ལ་དོན་ལ་གནས་ཞིག་འཁྱོངས་བར་སྐུལ་འདེད་གཏང་ངེས། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།