ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས། ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས3ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ཆར་གྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་ཏང་ཨུའི་བླང་བྱ་ལག་བསྟར་བྱས་ཏེ། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤྱི་སྡོམ་བྱས་ལ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བཏང་བ་དང་། མང་ཚོགས་ཉེ་འགྲམ་གྱི་སྤྱོད་ངན་དང་རུལ་སུངས་གནད་དོན་གཅིག་བསྡུས་བཅོས་སྐྱོང་། ཞོད་འགོག་གནོད་འཕྲི། བདེ་འཇགས་ཐོན་སྐྱེད། ནོར་སྲིད་ལ་ཚན་རིག་དང་མཐུན་པའི་དོ་དམ་བྱེད་པ་སོགས་ཀྱི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས་ནས། རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ཆེད་དོན་འཆར་འགོད་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུའི་ཐོག་ཟླ8པའི་ཚེས28ཉིན་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་འདམ་རུད་ཀྱི་གནོད་འཚེ་ཐེབས་པར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། མི་དམངས་བླ་ན་མེད་པ་དང་། ཚེ་སྲོག་བླ་ན་མཐོ་བ་རྒྱུན་འཁྱོངས་བྱས་ཏེ། མཐར་ཐུག་གི་བསམ་བློ་དང་ཚད་མཐའི་བསམ་བློ་བརྟན་པོ་ཆགས་ནས། ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་སྣ་ཚོགས་གྲལ་བཤེར་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འཁྱགས་རོམ་དང་འཁྱགས་མཚོའི་ཐོན་ཁུངས་ལ་བརྟག་དཔྱད་བྱ་རྒྱུ་དམ་འཛིན་བྱས་ཏེ། འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། འཕྲལ་སྡོམ་ཐག་གཅོད་ལམ་སྲོལ་འཐུས་ཚང་དུ་བཏང་ནས། དུས་དང་རྣམ་པ་ཀུན་ཏུ་བློ་མི་བདེ་བའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པའི་ཐོག་ནས་གནོད་འགོག་གནོད་སེལ་དང་རྒུད་སྐྱོབ་ཀྱི་བྱ་བ་སོ་སོ་དངོས་འཛིན་དང་ཞིབ་འཛིན་བྱས་ནས། གནོད་འཚེ་ཚབས་ཆེན་འབྱུང་བར་འགོག་ཟོན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། ཀྲུང་དབྱང་ཏང་གི་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བྱེད་ཐབས་དང་ཉམས་མྱོང་བཟང་པོ་ཕྱོགས་སྡོམ་ནན་ཏན་བྱས་ཏེ། སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་སྲིད་འབྲས་ལྟ་བའི་ནོར་འཛོལ་གནད་དོན་ཞིབ་བཤེར་དང་ཡོ་བསྲང་བྱས་ནས། རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། དཔོན་པོ་གསར་པས་རྩིས་ཐོ་རྙིང་པར་ཁ་ཡ་མི་བྱེད་པའི་དག་ཐེར་བཅོས་སྐྱོང་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ངན་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་ཀྱིས་དག་ཐེར་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བ་དང་། སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་སྲིད་འབྲས་ལྟ་བ་ཡང་དག་གི་འགན་འཁྲི་འཁུར་བ་དང་རང་འགན་གཙང་སྒྲུབ་བྱེད་པར་ཁྲིད་སྟོན་བྱ་དགོས།

ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་ཉེ་དུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། རབས་གསར་པའི་འཕྲིན་གཏོང་དྲ་བ་དང་། གྲོང་ཁྱེར་གྱི་ས་འོག་སྦུག་དྲ་སོགས"དྲ་བ་དྲུག"གི་འཆར་འགོད་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བའི་ཁྲོད་འཕེལ་རྒྱས་དེ་བས་ལེགས་པོ་ཡོང་དགོས། ཁེ་ལས་ཀྱི་རྩིས་ཁྲ་འགྱངས་ཆད་གཙང་བཤེར་བྱེད་པའི་འགུལ་སྐྱོད་གང་མགྱོགས་སྒོས་ལག་བསྟར་ཡག་པོ་བྱས་ཏེ། རྒྱ་ཆེའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། ཐོན་ལས་སྐྱེ་ཁམས་གསོ་སྐྱོང་། ཆུ་ཚད་མཐོ་བའི་སྲིད་དོན་ཞབས་ཞུ་འདོན་སྤྲོད་བཅས་བྱེད་པར་ཤུགས་རྒྱག་པ་དང་། སྤུས་ཚད་མཐོ་བའི་ཚོང་འགུག་དངུལ་འདྲེན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་དགོས། གནམ་སྔོན་སྲུང་སྐྱོང་དམག་འཐབ་རྒྱུན་མཐུད་གཏིང་ཟབ་ཏུ་སྤེལ་ནས། མཁའ་དབུགས་ཀྱི་སྤུས་ཚད་རྒྱུན་སྲིང་ལྷོད་མེད་ངང་ཇེ་ལེགས་སུ་བཏང་སྟེ། ལྗང་མདོག་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་སྐུལ་སྤེལ་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རང་བྱུང་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། རྨོ་ཞིང་སྲུང་སྐྱོབ་དང་རྒྱལ་ཁོངས་ལྗང་སྒྱུར་གྱི་བར་སྟོང་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་འབྱེད་གཏན་འཁེལ་བྱས་ཏེ། གཏེར་རྫས་ཐོན་ཁུངས་ཀྱི་བདེ་འཇགས་འགན་སྲུང་ནུས་པ་ཆེ་རུ་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་གྱི་འགུལ་སྐྱོད་དང་གཙོ་གནད་ཁྱབ་ཁོངས་ཀྱི"ཁྲིམས་འགལ་རྡུང་རྡེག་དང་སྒྲིག་འགལ་བཅོས་སྒྲིག"གི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ལྟ་སྐུལ་དོ་དམ་གྱི་ཁྲིམས་བསྟར་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ་བདེ་འཇགས་འཕེལ་རྒྱས་ཀྱི་མཐའ་ཚད་བརྟན་པོར་སྲུང་དགོས། ནོར་སྲིད་ཚན་རིག་དང་མཐུན་པར་དོ་དམ་བྱེད་པར་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། སྔོན་རྩིས་ཀྱི་བྱས་འབྲས་དཔྱད་བསྡུར་མཇུག་འབྲས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། རྨང་གཞི་མེད་པའི་སྔོན་རྩིས་བསྒྱུར་བཅོས་ཟབ་སྤེལ་བཅས་བྱས་ནས་ནོར་སྲིད་ཀྱི་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ལས་ཆོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱི"བྱང་གསུམ"ལས་གྲྭའི་སྤྱིའི་འཆར་འགོད》དང 《མཚོ་སྔོན་ཞིང་ཆེན་གྱི་སྲིད་དོན་ཞབས་ཞུའི་དོན་ཚན་གྱི་སྤྱི་སྤྱོད་གསལ་ཐོ(2026པར་གཞི)》《མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་སྡེ་ཁགགི་སྲིད་དོན་ཞབས་ཞུའི་དོན་ཚན་གྱི་གསལ་ཐོ(2026པར་གཞི)》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

ཚོགས་འདུ་ལས་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།