ཟླ9པའི་ཚེས2ཉིན་ནས་ཚེས3ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་དང་བཞུགས་མོལ་བྱས་ཏེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཐོག་མཐའ་བར་གསུམ་དུ་མངག་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། དྲིན་ཚོར་ཡར་བསྐྱེད། གོང་འོག་སེམས་གཅིག དམ་འཛིན་དངོས་སྒྲུབ་བཅས་བྱེད་པ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་དགོས་ཤིང་། སྤུས་ཚད་མཐོ་བའི་ཏང་འཛུགས་ལ་བརྟེན་ནས་དེང་རབས་ཅན་གྱི་ཡུས་ཧྲུའུ་གསར་པ་འཛུགས་སྐྲུན་གྱི་རྣམ་པ་གསར་བ་བསྐྲུན་དགོས།
ཟླ་དགུ་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ནམ་མཁའ་གཡའ་དག་པར་གྱུར་ཡོད། ཝུའུ་ཞའོ་ཅུན་རྣམ་སྲས་ཞང་གི་གསའ་གྲོང་རྡལ་དུ་སོང་སྟེ། གྲོང་རྡལ་འཛུགས་སྐྲུན་འཁོར་སྐྱོད་དང་། ཆེད་དམིགས་བདག་གཉེར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ས་གནས་ཀྱིས་རྫ་ཆུ་དང་མེ་ཀུང་ཆུ་བོའི་སྐྱེ་ཁམས་རིག་གནས་ཀྱི་རྨང་གཞིར་རྐང་འཛུགས་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་རྒྱུན་འཛིན་བྱེད་པ། མཐོ་ས་ནས་འཆར་འགོད་དང་ཚད་གཞི་མཐོ་བའི་འཛུགས་སྐྲུན། སྤུས་ཚད་མཐོ་བའི་ཞབས་ཞུ་བཅས་ལ་བརྟེན་ནས། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་བསྐྲུན་པར་རོགས་ཤུགས་འདོན་དགོས་པའི་བླང་བྱ་བཏོན། གནས་མདོ་སྡེ་བ་རུ། ཝུའུ་ཞའོ་ཅུན་གྱིས་སྐྱེ་ཁམས་དོ་སྲུང་བ་ཀུན་དགའ་དང་མཉམ་དུ་སྐྱེ་ཁམས་བརྙན་པར་གྱི་བརྩམས་ཆོས་དང་། ཕ་ཡུལ་གྱི་འགྱུར་ལྡོག་གླེང་ཞིང་། ཀུན་དགས་མི་རབས་རྗེས་མའི་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོང་མཁན་གསོ་སྐྱོང་བྱེད་དགོས་ཞེས་པའི་སྐད་ཆ་བཤད་པ་གོ་བ་ན། ཝུའུ་ཞའོ་ཅུན་གྱིས་ཁོ་ལ་བསྟོད་པའི་མཐེ་བོང་བསྒྲེངས་ཤིང་། བརྩེ་བ་རྣལ་མ་དེ་དང་ཁག་ཁུར་དངོས་མ་དེ་རྒྱུན་འཛིན་བྱས་ནས། མང་ཚོགས་སྔར་ལས་མང་པོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མཛེས་སྡུག་གི་རི་ཆུར་སྲུང་སྐྱོང་ཡག་པོ་བྱེད་པར་སྣེ་ཁྲིད་བྱ་རྒྱུའི་སྐུལ་མ་བཏང་། ཡུས་ཧྲུའུ་གྲོང་ཁྱེར་མི་རིགས་ཆ་ཚང་སློབ་ཆུང་ལྔ་པའི་སློབ་མ་རྣམས་ཀྱི་སྐད་སྒྲ་སྙན་མོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་བཅངས་བའི་བརྩེ་བ་མཚོན་ཡོད། ཝུའུ་ཞའོ་ཅུན་གྱིས་སློབ་མ་རྣམས་ལ་འབད་བརྩོན་ཡར་ཐོན་དང་ལུས་སྦྱོངས་ལུས་སྟོབས་བསྐྱེད་པ། སྤྱོད་བཟང་གོམས་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་མཁན་དོན་ལྡན་ཞིག་འཁྱོངས་བར་འབད་པ་བྱེད་རྒྱུའི་མངགས་བཅོལ་བྱས། དགོན་གསར་ཕུན་ཚོགས་བྱམས་པ་གླིང་དང་འདོམ་དཀར་དགོན་དུ། ཝུའུ་ཞའོ་ཅུན་གྱིས་དགེ་འདུན་པ་རྣམས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པའི་ཁྲོད་དུ་སྣེ་ཁྲིད་ནུས་པ་བཏོན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་སྟོབས་ཤུགས་འབུལ་དགོས་པའི་སྐུལ་མ་བཏང་། ཝུའུ་ཞའོ་ཅུན་གྱིས་ད་དུང་འབྲི་སྟོད་རྫོང་གི་གྲོང་གསེབ་དར་སྤེལ་གྱི་ཐོན་ལས་གླིང་དང་། གཞི་རིམ་འཕྲོད་བསྟེན་ཁང་། གད་སྙིགས་མེད་པའི་ཡུས་ཧྲུའུ་གྲོང་ཁྱེར་འཛུགས་སྐྲུན་མཐུན་སྦྱོར་ཐག་གཅོད་ལྟེ་གནས་དང་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཚོང་ལས་སྲང་ལམ་བཅས་སུ་རྟོག་ཞིབ་བྱས་ཤིང་། པེ་ཅིང་གི་མཚོ་སྔོན་ལ་རོགས་བྱེད་པའི་ལས་བྱེད་པའི་འཐུས་མིར་ཆེད་དུ་འཚམས་འདྲི་བྱས།
ཚེས3ཉིན་གྱི་ཕྱི་དྲོར་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་གྱིས་ཡུས་ཧྲུའུ་ཁུལ་གྱི་འབྲེལ་ཡོད་གནས་ཚུལ་སྙན་ཞུ་ཕུལ་བར་ཉན་པ་དང་། བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཏེ་ནན་གྱིས་བསྟན་དོན། ཡུས་ཧྲུའུ་ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་སྟེང་གཏན་འཁེལ་བྱས་པའི་བདེ་ཐང་དེང་རབས་དང་བདེ་སྐྱིད་ཀྱི་ཡུས་ཧྲུའུ་གསར་བའི་མཛེས་སྡུག་མདུན་ལྗོངས་སྔར་ལས་མིག་མཐོང་ལག་ཟིན་དུ་བསྒྱུར་བའི་དམིགས་འབེན་གྱིས་ཡུས་ཧྲུའུ་ཡི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཟུང་ཡོད་པ་གང་ལེགས་སྒོས་མངོན་ཞིང་། འཆར་འགོད་རེའུ་མིག་མཐའ་འཁྱོལ་ཡོང་བའི་གཏན་ཤུགས་དང་ཁག་ཁུར་མངོན་ཡོད་པས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་སེམས་གཅིག་དང་དམ་འཛིན་དངོས་སྒྲུབ་བྱས་ནས། ཡུས་ཧྲུའུ་ཡི་དེང་རབས་ཅན་འཛུགས་སྐྲུན་ལ་འཕེལ་རིམ་གསར་བ་ལོན་པར་སྐུལ་འདེད་གཏོང་དགོས། སྐབས་གསར་བའི་འགོ་ཁྲིད་ཚན་ཆུང་གིས་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱུ་དེ་འགན་འཁྲི་མཐའ་འཁྱོལ་སྒྲུབ་པའི་ཐོག་མའི་ལས་འགན་དུ་བརྩིས་ཏེ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བླ་སྲོག་བསྐྲུན་པ་དང་། བསླབ་པ་གོ་ཆོད་དང་ཤེས་སྤྱོད་ཟུང་འབྲེལ་བྱས་ཏེ། བསླབ་བསམ་རྟོགས་གསུམ་ཁྲོད་དུ་བཅོས་སྒྱུར་འཕེལ་རྒྱས་ཀྱི་དཀའ་གནད་སེལ་དགོས། ལས་དོན་ཁག་གི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འབད་པས་བསྐྲུན་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་བ་དང་། རི་གཉིས་ཚུལ་སྒྱུར་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དགོས་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྲ་བརྟན་དུ་གཏོང་དགོས། མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ལས་སྟོབས་ཆེར་གཏོང་བ་དང་སྐྱེ་ཁམས་ཡུལ་སྐོར་ཇེ་ལེགས་སུ་བཏང་སྟེ། ས་གནས་དཔལ་འབྱོར་གྱི་མཉམ་ལས་དང་རྩིས་གློག་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཁྱད་ལྡན་ཐོན་ལས་གསོ་སྐྱོང་དང་སྟོབས་ཆེར་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་བཟང་པོ་བྱེད་པ་དང་། སྣེ་ཁྲིད་དང་ཞབས་ཞུ། དོ་དམ་སོགས་ཀྱི་བྱ་བ་ཞིབ་ཚགས་སུ་སྒྲུབ་ནས། རྒྱ་ཆེའི་གྲུ་བཙུན་རྣམས་དང་དད་ལྡན་མང་ཚོགས་ཏང་གི་མཐའ་འཁོར་དུ་སྔར་ལས་ལྷག་པར་མཐུན་སྒྲིལ་དམ་པོ་ཡོང་བར་བྱེད་དགོས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ཏན་ཏིག་ཡག་པོར་སྒྲུབ་སྟེ། སྲིད་ཇུས་དམ་འཛིན་གནད་འཁེལ་དང་གནད་འགག་དམིགས་སུ་འཛིན་པ། ཚད་མཐའ་བརྟན་སྲུང་བཅས་ཀྱིས་ཐོན་ལས་མཉམ་ལས་དང་། རྩོལ་གཉེར་མཐུན་སྦྱོར། འཇོན་མིའི་བསམ་བློ་བརྗེ་རེས་བཅས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། བདེན་པ་བདེན་ཐུབ་ཀྱི་བྱ་བའི་གྲུབ་འབྲས་ལ་བརྟེན་ནས་རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་དྲིན་ཚོར་བ་དང་ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བར་སྣེ་ཁྲིད་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བར་སྐུལ་འདེད་བཏང་སྟེ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་གཙོ་བོ་ཕྲག་ཏུ་ལེན་པ། ནམ་ཡང་ལམ་ན་ཡོད་པའི་བློ་སྤོབས་ལ་བརྟེན་ནས་སྤྱོད་བཟང་སྲོལ་བཟང་གི་ཆབ་སྲིད་ཁོར་ཡུག་མུ་མཐུད་དུ་བསྐྲུན་པ། མི་འདེམས་མི་བཀོལ་གྱི་ཁྲིད་ཕྱོགས་ཡང་དག་ཆགས་པ། ཆོད་སེམས་བརྟན་ཞིང་དམངས་ལ་ཞབས་འདེགས་ཞུ་བ། སྲིད་གཙང་དངོས་གཉེར། ཁག་ཁུར་ཕོད་པ། སྲོལ་བཟང་སྤྱོད་གཙང་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་དཔུང་ཁག་ཅིག་འཛུགས་པར་ནུས་ཤུགས་འདོན་དགོས།
ཚའོ་ཅོན་རྟོག་ཞིབ་ལ་ཞུགས།