གནའ་སྡོང་དང་ཤིང་སྣ་གྲགས་ཅན་ནི་གལ་འགངས་ཆེ་བའི་དངོས་རིགས་ཐོན་ཁུངས་དང་ལྗོངས་གཟིགས་ཐོན་ཁུངས། ལོ་རྒྱུས་མི་ཚུལ་རིག་གནས་ཀྱི་ཐོན་ཁུངས་ཤིག་ཡིན། གསར་འགོད་པས་རྒྱལ་ཡོངས་ལྗང་བསྒྱུར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔར། རྒྱལ་ཡོངས་ཀྱི་གནའ་སྡོང་དང་ཤིང་སྣ་གྲགས་ཅན་གྱི་ཐོན་ཁུངས་ཁྱབ་བཤེར་ཐེངས་གསུམ་པ་ཕྱོགས་ཡོངས་ནས་སྤེལ།
ཧེ་ནན་ཚ་ཁུལ་ཆར་ལྡན་ནགས་ཚལ་རྒྱལ་ཁབ་སྤྱི་གླིང་དུ། ལས་སྒྲུབ་མི་སྣས་ས་ཁོངས་མི་འདྲ་བའི་ཆ་རྐྱེན་ལ་དམིགས་ནས། འཁོར་སྐར་བརྙན་རིས་དང་སྐུད་འོད་རེག་བརྡ་སོགས་ལག་རྩལ་སྤྱད་དེ། གནའ་སྡོང་དང་ཤིང་སྣ་གྲགས་ཅན་ལ་ཁྱད་པར་ཡོད་པའི་སྒོ་ནས་ཁྱབ་བཤེར་བྱས།
རྒྱལ་ཡོངས་གནའ་སྡོང་དང་ཤིང་སྣ་གྲགས་ཅན་གྱི་ཐོན་ཁུངས་ཁྱབ་བཤེར་ཐེངས་གསུམ་པས་ཐོག་དང་པོར་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ཁུལ། རྒྱལ་དབང་ནགས་ཁུལ་སོགས་བརྟག་དཔྱད་ཁྱབ་ཁོངས་ནང་བཞག་སྟེ། ས་ཁོངས་ཡོངས་ལ་ཁེབས་པ་མངོན་འགྱུར་བྱུང་། མིག་སྔའི་བར་དུ། ཀུའེ་ཀྲོའུ་དང་ཀྲེ་ཅང་། ཧྥུའུ་ཅན་སོགས་ཞིང་ཆེན་བཅུ་གཅིག་གི་འཐུས་ཚབ་རང་བཞིན་གྱི་ལས་ཁུངས་བཅུ་གསུམ་གྱིས་ཁྱབ་བཤེར་ཚོད་ལྟའི་ལས་འགན་ཡོངས་འགྲུབ་བྱས།
ཀྲེ་ཅང་ཨན་ཅི་ལིན་ཧྥིན་དགོན་དུ་ཡོད་པའི་གནའ་སྡོང་ཁྱུ་ཚོགས་ལ། ལག་རྩལ་མི་སྣས་ཤུགས་རླབས་གནོད་མེད་བརྟག་དཔྱད་ལག་རྩལ་སྤྱད་དེ་གནའ་སྡོང་ལ“CT”བརྟག་དཔྱད་བྱས་ཤིང་། སྡོང་རྐང་གི་ནང་སྙིང་གནས་ཚུལ་ལ་གནད་འཁེལ་བརྡར་གཅོད་བྱས། ཁྱབ་བཤེར་བྱེད་པ་དང་མཉམ་དུ། དུས་ཐོག་ཏུ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་ལག་བསྟར་བྱས།
མིག་སྔར། རྒྱལ་ཡོངས་གནའ་སྡོང་དང་ཤིང་སྣ་གྲགས་ཅན་གྱི་ཐོན་ཁུངས་ཁྱབ་བཤེར་ཐེངས་གསུམ་པ་དེ་ཚོད་ལྟའི་གནས་ནས་རྒྱལ་ཡོངས་ལ་ཕྱོགས་ནས་ཁྱབ་སྤེལ་བྱས་ཤིང་། སྔོན་དཔག་བྱས་ན2027ལོའི་ལོ་མཇུག་ཏུ་སླེབས་དུས་ཕྱོགས་ཡོངས་ནས་སྒོ་བྱང་བཀལ་ཏེ་སྲུང་སྐྱོབ་ལག་བསྟར་བྱེད་པ་དང་། གནའ་སྡོང་དང་ཤིང་སྣ་གྲགས་ཅན་ལ་སྲུང་སྐྱོབ་བྱེད་པའི་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་ཐུབ།