ཀྲུང་གོའི་གནམ་གཤིས་བརྟག་དཔྱད་ཅུས་ཀྱིས་ལོ་ངོ60ཡི་ནང་མདོ་དབུས་མཐོ་སྒང་གི་འཁྱགས་རོམ་ཆུང་ངུ་བདུན་སྟོང་ཙམ་ཞུ་ཚར་བར་བསྟན།

ཡོང་ཁུངས། ཁམས་པའི་བརྙན་འཕྲིན།

ཟླ9པའི་ཚེས2ཉིན་ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུས་ཀྱིས2026ལོའི་ཟླ9པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག་རྒྱལ་ཁབ་གནམ་གཤིས་བརྟག་དཔྱད་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀའོ་རུང་གིས་གོ་ལ་ཧྲིལ་པོའི་གནམ་གཤིས་ཇེ་དྲོར་ཕྱིན་པ་དེས་འཁྱགས་རོམ་ལ་གནོད་པའི་སྐོར་དབྱེ་ཞིབ་བྱས་པ་རེད།

རྒྱལ་ཁབ་གནམ་གཤིས་བརྟག་དཔྱད་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀའོ་རུང་། པར་ལེན་མཁན། ཀྲོང་པའེ་ཡུས།

ཀའོ་རུང་གིས་གོ་ལ་ཧྲིལ་པོའི་གནམ་གཤིས་ཇེ་དྲོར་ཕྱིན་པའི་རྒྱབ་ལྗོངས་འོག་གོ་ལ་ཧྲིལ་པོའི་རི་ཀླུང་གི་འཁྱགས་རོམ་མགྱོགས་པོར་ཞུ་འགྲོ་བའི་གནས་ཚུལ་འབྱུང་བཞིན་ཡོད། གནམ་གཤིས་ཇེ་དྲོར་སོང་བ་དེས་འཁྱགས་རོམ་གྱི་སྒུལ་ཤུགས་རིག་པའི་ཁྱད་ཆོས་ལ་འགྱུར་ལྡོག་བྱུང་སྟེ། འཁྱགས་རོམ་གྱི་དྲོད་ཚད་མཐོ་རུ་སོང་ཞིང་བཞུར་ཚད་ཀྱང་ཇེ་མགྱོགས་སུ་སོང་བས། དུས་རབས21པའི་ནང་དང་། ལྷག་པར་དུ་༢༠༡༠ལོ་ནས་བཟུང་གོ་ལ་ཧྲིལ་པོའི་རི་ཀླུང་གི་འཁྱགས་རོམ་གྱི་ཆུ་རུད་དོན་རྐྱེན་མང་དུ་འགྲོ་བཞིན་ཡོད་ཅེས་བཤད།

ཁོང་གིས་རང་རྒྱལ་གྱི་རི་ཀླུང་འཁྱགས་རོམ་གཙོ་བོ་མདོ་དབུས་མཐོ་སྒང་དང་ཉེ་འཁོར་ས་ཁུལ་དུ་གནས་ཡོད། མདོ་དབུས་མཐོ་སྒང་གི་གནམ་གཤིས་དྲོ་རུ་འགྲོ་བ་དང་བརླན་གཤེར་ཆེ་རུ་ཕྱིན་པའི་རྐྱེན་གྱིས་འཁྱགས་རོམ་ཡོད་ཚད་མགྱོགས་པོར་ཞུ་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད། ཀྲུང་གོའི་འཁྱགས་རོམ་སྐོར་གྱི་དཀར་ཆག་ལ་གཞིགས་ན། འདས་ཟིན་པའི་ལོ་ངོ60ཡི་ནང་མདོ་དབུས་མཐོ་སྒང་གི་འཁྱགས་རོམ་གྱི་རྒྱ་ཁྱོན་ཁྱོན་ཡོངས་ཀྱི་24%ཙམ་ཉུང་དུ་ཕྱིན་པ་དང་འཁྱགས་རོམ་ཆུང་ངུ7000ཙམ་རྩ་བ་ནས་མེད་པར་གྱུར་ཡོད། མདོ་དབུས་མཐོ་སྒང་གི་དྲོད་ཚད་མགྱོགས་པོར་མཐོ་རུ་འགྲོ་བཞིན་ཡོད་པ་དེས་འཁྱགས་ཀླུང་མགྱོགས་པོར་ཞུ་ནས་འཁྱགས་མཚོའི་གྲངས་འབོར་མང་དུ་ཕྱིན་པ་དང་རྒྱ་ཁྱོན་མགྱོགས་མྱུར་ཆེ་རུ་ཕྱིན་ནས་འཁྱགས་མཚོའི་སྒུལ་ཤུགས་བརྟན་པོ་མེད་པའི་གནས་ཚུལ་འབྱུང་བཞིན་ཡོད་པ་རེད།

སྔོན་དཔག་བྱས་པར་གཞིགས་ན། མ་འོངས་པར་མདོ་དབུས་མཐོ་སྒང་གི་འཁྱགས་རོམ་གྱི་ནང་སྙིང་སྲ་མོ་མེད་པར་ཆགས་ནས་འཁྱགས་རོམ་ཉིལ་བའི་གནོད་འཚེ་སྔར་བས་མང་དུ་འགྲོ་ངེས་ཆེ་བ་མ་ཟད། དེ་དང་འབྲེལ་བའི་གནོན་འཚེ་ཐོན་སྲིད་ལ།ད་དུང་གཏོར་བཤིག་དང་ཤུགས་རྐྱེན་ཐེབས་ས་ཇེ་མང་འགྲོ་རྒྱུ་ཡིན་པར་བསྟན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།