ལུའོ་ཏུང་ཁྲོན་གྱིས་མཚོ་ཤར་གྲོང་ཁྱེར་དུ་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9པའི་ཚེས2ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་དང་། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་དགོས་ལ། སྐྱེ་ཁམས་སྔོན་དུ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་སྤེལ་གཏོང་བ། ཁྱད་ལྡན་ཐོན་ལས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་འགན་ཁུར་དེ་བས་ཆེན་པོ་མངོན་པར་སྐུལ་འདེད་གཏོང་དགོས།

ལམ་དྲ་སྣོལ་མར་སྡེབ། ཡུར་བས་ཡུར་བ་སྦྲེལ། ཕིན་ཨན་ཆུས་སན་ཧི་གྲོང་རྡལ་ཆི་ཞིན་ཀྲོང་སྡེ་བའི་ལེགས་སྒྱུར་བྱས་རྗེས་ཀྱི་ཚད་གཞི་མཐོན་པོའི་རྣང་ཞིང་གི་རྣམ་པ་གསར་ཉམས་དོད་པ་ཞིག་རེད། ལུའོ་ཏུང་ཁྲོན་ཞིང་ཁ་རུ་བསྐྱོད་དེ། ཞིང་བའི་འདེབས་འཛུགས་ཀྱི་གཞི་ཁྱོན་དང་། མུའུ་རེའི་ཐོན་འབབ་སོགས་ཀྱི་གནས་ཚུལ་དྲིས། ཁོས་བསྟན་དོན། ཚད་གཞི་མཐོན་པོའི་རྣང་ཞིང་འཛུགས་སྐྲུན་ནི་འབྲུ་རིགས་ས་ལས་འབྱུང་ཞིང་། འབྲུ་རིགས་ལག་རྩལ་ལས་འབྱུང་བའི་འཐབ་ཇུས་དོན་འཁྱོལ་བྱེད་པའི་འདྲེན་གཟུགས་གཙོ་བོ་ཡིན་ལ། འཛུགས་སྐྲུན་དང་ལས་གཉེར། དོ་དམ་ལམ་སྲོལ་འཐུས་ཚང་ཞིག་འཛུགས་པར། རྨོ་ཞིང་གི་སྤུས་ཚད་བརྟག་བཤེར་ལ་ཤུགས་བསྣན་ནས། རིམ་ལྡན་ཚད་ལྡན་ངང་ས་ཞིང་འཁོར་སྐྱོད་དང་གཞི་ཁྱོན་ཅན་གྱི་ལས་གཉེར་ལ་སྐུལ་འདེད་གཏོང་དགོས་ཤིང་། སྔོན་ཐོན་གྱི་འོས་འཚམ་ཚན་རྩལ་དང་ཚད་མཐོའི་ཞིང་ལས་འཕྲུལ་ཆས་སྒྲིག་ཆས་ཆ་སྒྲིག་དང་ཁྱབ་གདལ་གཏོང་དགོས་ལ། ཞིང་བཟང་སོན་བཟང་དུས་བཟང་དང་ཐབས་མཆོག་གཅིག་ཏུ་བསྡུས་ནས་ཕན་འབྲས་ལ་སྐུལ་སྤེལ་བྱས་ཏེ། རྒྱུན་ཆད་མེད་པར་ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་དང་སྤུས་ཚད་ཕན་འབྲས་མཐོར་འདེགས་བཏང་ནས། ཧུར་ཐག་གིས་འབྲུ་རིགས་མཛོད་དུ་བསྡུ་བ་དང་། གཤིན་ས་ནས་གསེར་འབྱུང་བར་འབད་དེ། གསར་བྱུང་ཞིང་ལས་ལས་གཉེར་བྱེད་པོས་ཞིང་བའི་ཡོང་འབབ་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས་ནས། ཞིང་ལས་དེ་དེང་རབས་ཅན་གྱི་ཐོན་ལས་ཆེ་བ་ཞིག་ཏུ་བསྐྲུན་དགོས།

ཀྲུང་གོ་སྤོ་འགུལ(མཚོ་སྔོན)མཐོ་སྒང་གཞི་གྲངས་ཆེན་པོའི་ལྟེ་གནས་ཀྱི་དུས་རིམ་གཉིས་པའི་ལས་གཞིའི་ཨར་ལས་ཡུལ་དངོས་སུ། ལུའོ་ཏུང་ཁྲོན་གྱིས་མཚོ་ཤར་གྲོང་ཁྱེར་གྱི་གཞི་གྲངས་ཆེན་པོ་དང་། ཐཱན་མེད་ཐོན་ལས་གླིང་གོང་སྤེལ་འཆར་འགོད་སྙན་ཞུར་ཉན་རྗེས། ལས་གཞི་འཛུགས་སྐྲུན་གྱི་འགྲུབ་ཚད་ལ་ཡུལ་དངོས་ལྟ་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་ལྗང་གློག་དགེ་མཚན་འདོན་སྤེལ་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ལྗང་མདོག་རྩིས་ནུས་ཐོན་ལས་བཀོད་སྒྲིག་ལ་འཆར་འགོད་བྱེད་དགོས་ཤིང་། མགོ་འདྲེན་ཅན་གྱི་རྩིས་ནུས་ཁེ་ལས་སྐོང་འགུག་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་བདག་རྐྱེན་འགན་སྲུང་གི་སྤུས་འབྲས་མཐོར་འདེགས་བཏང་ནས། མྱུར་དུ་ལྗང་གློག་ཐད་སྦྲེལ་དཔེ་སྟོན་ལས་གཞི་དོན་འཁྱོལ་ཡོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གསར་གཏོད་ཟབ་འདྲེས་འབྱུང་བར་སྐུལ་འདེད་བཏང་སྟེ། རྩིས་ཤུགས་སྣ་མང་ཅན་གྱི་བཀོལ་སྤྱོད་ཁོར་ཡུག་རྒྱ་བསྐྱེད་དང་། གཞི་གྲངས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་རོགས་སྒྲུབ་ལམ་སྲོལ་ལེགས་འདོན་ལེགས་བཀོལ་བྱས་ནས། ས་གནས་ཀྱི་ཁྱད་ཆོས་དང་དགེ་མཚན་ཅན་གྱི་ཐོན་ལས་གོང་སྤེལ་བགྲོད་ལམ་གསར་གཏོད་འཚོལ་ཞིབ་བྱས་ཤིང་། སྤུས་ཚད་མཐོ་བའི་སྒོ་ནས་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་ཏེ། འགྲན་རྩོད་ནུས་པ་ཡོད་པ་དང་ཤན་ཤུགས་ཆེ་བའི་ལྗང་མདོག་རྩིས་ནུས་ཐོན་ལས་སྡེ་ཚོགས་གྲུབ་པར་གསོ་སྐྱོང་བྱེད་དགོས།

ཧུའུ་ཀྲུའུ་རྫོང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་སྤུས་ལེགས་ལས་སྣོན་ཚན་རྩལ་གླིང་དུ་སླེབས་ཏེ། ལུའོ་ཏུང་ཁྲོན་གྱིས་ལག་རྩལ་འགག་སྒྲོལ་དང་། གྲུབ་འབྲས་གཞན་སྒྱུར། ཚན་ཞིབ་ཁྱབ་གདལ་གྱི་གནས་ཚུལ་མཚམས་སྦྱོར་ལ་ཉན་ནས་ནན་གྱིས་བསྟན་དོན། མཐོ་སྒང་གི་ཐུན་མིན་ཞིང་ཕྱུགས་ལས་ཐོན་ཁུངས་ཀྱི་དགེ་མཚན་ལ་དམིགས་ནས། སོན་ཁུངས་རང་བདག་གསར་གཏོད་དང་། མུ་ཕྲེང་ཡོངས་ཀྱི་རིན་ཐང་འཕེལ་བ་དང་གྲུབ་འབྲས་འཕེལ་བ། འཇོན་མི་ཕྱོགས་གཉིས་ཀྱི་གསོ་སྐྱོང་། ཆེད་ལས་རྩལ་ནུས་གསོ་སྦྱོང་སོགས་ཀྱི་ཕྱོགས་ནས་ལེགས་པར་བསྒྲུབ་ནས། ཚན་རྩལ་གྲུབ་འབྲས་མང་པོ་ཚོད་ལྟ་ཁང་ནས་འབུད་པ་དང་། ཐོན་ལས་འབབ་འཕར་དང་རོང་འབྲོག་པས་ཡོང་འབབ་འཕར་བར་སྐུལ་འདེད་བཏང་སྟེ། ཚན་རྩལ་གསར་གཏོད་ཀྱིས་གྲོང་གསེབ་དར་སྤེལ་གྱི་རྒྱུན་མཐུད་ནང་གནས་སྒུལ་ཤུགས་བསླངས་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་བསྐྲུན་པར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

རྟོག་ཞིབ་ཀྱི་སྐབས་སུ། ལུའོ་ཏུང་ཁྲོན་སྔ་རྗེས་སུ་ཧུའུ་ཀྲུང་རྫོང་ཀའོ་ཀྲེ་སྲང་ལམ་ཞའོ་ཀྲེ་སྡེ་བ་དང་། འདན་མ་གྲོང་རྡལ་ཅིན་ཀྲོའུ་སྡེ་བར་སླེབས་ཤིང་། ས་སེར་མཐོ་སྒང་གི་ས་ཆུ་ཤོར་བའི་ཕྱོགས་བསྡུས་བཅོས་སྐྱོང་དང་། ཙོང་ཆུའི་གཞི་ཁྱོན་ཅན་གྱི་ནགས་ར་སྡོང་འཛུགས་ལས་གཞིའི་གྲུབ་འབྲས་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། དངོས་ཡོད་ནས་འགོ་འཛུགས་པ་དང་། རང་བྱུང་ཆོས་ཉིད་དང་བསྟུན་པ་རྒྱུན་འཁྱོངས་བྱས་ནས། ནགས་འཚམ་ན་ནགས་འདེབས་པ་དང་། རྩྭ་འཚམ་ན་རྩྭ་འདེབས་པ། ས་རྒོད་དུ་འཚམ་ན་ས་རྒོད་དུ་བསྐྱུར་བ་བཅས་བྱས་ཏེ། མཐོ་སྒང་གི་ནམ་ཟླ་དང་ས་གཤིས་ཆ་རྐྱེན་དང་རྐང་བཙུགས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་སྡོང་རིགས་བཀོད་སྒྲིག་ལེགས་པོ་བྱེད་པ་དང་། རྩི་ཤིང་གིས་ལྗང་སྒྱུར་བྱེད་པ་དང་། རྗེས་ཀྱི་དོ་དམ་སྲུང་སྐྱོབ་ཀྱི་བྱེད་ཐབས་སོ་སོ་དོན་འཁྱོལ་ནན་མོ་བྱས་ཏེ། ནུས་པ་ལྡན་པའི་སྒོ་ནས་ནགས་སྐྲུན་སྐྱེས་ཚད་དང་འཁྱོངས་ཚད་མཐོར་འདེགས་བྱས་ནས། སྟོབས་ཤུགས་ཡོད་རྒུས་བྱང་གསུམ་བཟོ་སྐྲུན་གྱི་འགག་སྒྲོལ་ལེགས་པར་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་སྐྱེ་ཁམས་བདེ་འཇགས་སྲུང་རགས་སྲ་བསྐྲུན་བྱས་ནས། སྐྱེ་ཁམས་དཔལ་ཡོན་མཐོ་ས་བསྐྲུན་པ་དང་། མཛེས་སྡུག་གི་ཀྲུང་གོ་བསྐྲུན་པར་བྱས་རྗེས་སྔར་བས་ཆེ་བ་འཇོག་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།