དགའ་བསུ་མཛད་སྒོའི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་གྲོས་མོལ་མཛད། ཞི་ཅིན་ཕིང་གིས་བསྟན་དོན། 1956ལོར། ཨེ་ཅིབ་ཀྱིས་ཨ་རབ་དང་ཧྥེ་གླིང་གི་རྒྱལ་ཁབ་དག་གི་ཁྲོད་ནས་ཐོག་མར་འགོ་ཁྲིད་དེ་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་རྒན་རབས་ཚོས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སྣེ་ཁྲིད་དེ་མི་རིགས་རང་བཙན་ལ་རེ་སྙེག་དང་། བཙན་རྒྱལ་རིང་ལུགས་དང་མི་སེར་སྤེལ་ཡུལ་རིང་ལུགས་ལ་རྒོལ་བའི་བགྲོད་ལམ་སྟེང་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱས་ཏེ། རྟག་བརྟན་འགྱུར་མེད་ཀྱི་མཛའ་བརྩེ་ཟབ་མོ་ཞིག་ཆགས་ཡོད། ལོ་བདུན་བཅུའི་རིང་ལ་སྐྱིད་སྡུག་མཉམ་མྱོང་བྱས་པས་ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི“འདྲ་མཉམ་ཡིད་ཆེས་དང་། མཛའ་མཐུན་དཔེ་བལྟ། ཕྱར་བ་གྲུ་འདེགས་དང་། མཉམ་ལས་མཉམ་རྒྱལ”བཅས་ཀྱི་མངོན་གསལ་གྱི་ཁྱད་ཆོས་སྐྱེད་སྲིང་དང་ར་སྤྲོད་བྱས་ཡོད། ཉེ་བའི་ལོ་འགའི་རིང་། ང་ཚོའི་ཐུན་མོང་གི་སྣེ་ཁྲིད་འོག ཀྲུང་གོ་དང་ཨེ་ཅིབ་ཀྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་། ཕྱོགས་གཉིས་ཀྱིས་གོང་འཕེལ་དར་རྒྱས་ཡོང་བ་མངོན་འགྱུར་དང་། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ལས་དོན་ཁྲོད་འདུ་ཤེས་གཅིག་མཐུན་དང་འཐབ་ཇུས་གཅིག་མཐུན་བྱུང་ཡོད། འགྱུར་ལྡོག་དང་ཟང་ཟིང་གིས་ཁེངས་པའི་རྒྱལ་སྤྱི་དང་ས་ཁུལ་གནས་བབ་ཀྱི་མདུན་དུ། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་རྒྱབ་སྐྱོར་དང་མཉམ་ལས་གཏིང་ཟབ་བྱས་ནས་ཀྲུང་གོ་དང་ཨེ་ཅིབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨེ་ཅིབ་ཕྱོགས་གཉིས་ཀྱིས་གཅིག་ནས་བློ་བརྟན་འགྱུར་མེད་ངང་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཏེ། མཐོ་རིམ་འགྲོ་འོང་གི་འཕེལ་ཕྱོགས་རྒྱུན་འཁྱོངས་དང་། ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་བརྗེ་རེས་དང་མཉམ་ལས་དམ་ཟབ་ཏུ་བཏང་ནས། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་དཔེ་ལྟ་ལ་ཤུགས་སྣོན་དགོས། གཉིས་ནས་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་དགོས་ལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གློག་ཤུགས། ཞིང་ལས། འཕྲིན་གཏོང་ལག་རྩལ་སོགས་སྲོལ་རྒྱུན་ཁྱབ་ཁོངས་མཉམ་ལས་ཀྱི་བག་ལ་ཞ་བའི་ནུས་པ་ཕྱིར་བཏོན་ཏེ། ལྗང་མདོག་ནུས་ཁུངས་དང་། གློག་སྒུལ་རླངས་འཁོར། མཁའ་འགྲུལ་མཁའ་སྐྱོད། གྲངས་འཛིན་དཔལ་འབྱོར། དེང་རབས་ཞིང་ལས་ལག་རྩལ་སོགས་མཉམ་ལས་ཀྱི་ཁྱད་ཆོས་གསར་པ་བསྐྲུན་དགོས། གསུམ་ནས་མི་ཚུལ་རིག་གནས་སྤེལ་རེས་ལ་སྐུལ་སྤེལ་གཏོང་དགོས་ཏེ། རིག་གནས་དང་། སློབ་གསོ། ཚན་རྩལ། འཕྲོད་བསྟེན། ལུས་རྩལ་སོགས་ཀྱི་སྤེལ་རེས་དང་མཉམ་ལས་ཕྱོགས་ཡོངས་ནས་རྒྱ་བསྐྱེད་དེ། མི་སྣའི་འགྲོ་འོང་བྱེད་ཚད་མང་དུ་བཏང་ནས་དམངས་སེམས་གཅིག་སྒྲིལ་ལ་ཤུགས་སྣོན་དགོས། བཞི་ནས་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་དགོས་ཏེ། རྒྱལ་ཁོངས་ལས་བརྒལ་བའི་ཉེས་གསོག་ལ་ཐུན་མོང་ཐོག་རྡུང་རྡེག་གཏོང་དགོས་པ་དང་། རུལ་སུངས་ལ་རྒོལ་བའི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཕན་ཚུན་བར་གྱི་འཇིགས་སྐུལ་ལ་རྒོལ་བའི་བརྩོན་སེམས་ལ་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས། ལྔ་ནས་རྒྱལ་སྤྱིའི་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། མཉམ་འབྲེལ་རྒྱལ་ཚོགས་དང་གསེར་ལྡན་རྒྱལ་ཁབ་སོགས་ཕྱོགས་མང་ལས་སྟེགས་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་སྔར་ལས་དམ་ཟབ་ཏུ་གཏོང་བ་དང་། ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཨ་རབ། ཀྲུང་གོ་དང་ཧྥེ་གླིང་བར་མཉམ་ལས་གླེང་སྟེགས་འཛུགས་པར་སྐུལ་འདེད་བཏང་སྟེ། ཐུན་མོང་ཐོག་ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་བྱ་སྤྱོད་ལ་ངོ་རྒོལ་བྱས་ཏེ་སྔར་ལས་དྲང་བདེན་དང་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།
སའེ་ཞི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་དུས་འདིར་ཨེ་ཅིབ་ལ་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་བས་དགའ་བསུ་ཞུ་རྒྱུ་ཡིན། ཨེ་ཀྲུང་བར་ཕྱི་འབྲེལ་བཙུགས་པའི་ཚུན་དུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་པ་མ་ཟད། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད། ཨེ་ཅིབ་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་ལག་བསྟར་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་བརྩོན་བཞིན་ཡོད། ཨེ་ཅིབ་ཀྱིས་ཀྲུང་གོ་དང་མཉམ་དུ་ཉོ་ཚོང་དངུལ་གཏོང་དང་། བཟོ་སྐྲུན་ལས་རིགས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དངུལ་རྩ། ཚན་རྩལ། ནུས་ཁུངས་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དམ་ཟབ་ཏུ་གཏོང་བ་དང་། དམག་དོན་བདེ་འཇགས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། མི་སྣ་འགྲོ་འོང་དམ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ། ས་ཁུལ་འཕེལ་རྒྱས་དང་དར་རྒྱས་ལ་རམ་འདེགས་བྱེད་འདོད་ཡོད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་ཁུར་ལས་འཛིན་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོས་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཨེ་ཅིབ་ཀྱིས་ཀྲུང་གོ་དང་མཉམ་དུ་ཕྱོགས་མང་ལས་སྟེགས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ། ཐུན་མོང་ཐོག་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་བ་དང་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད།
རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་དབུས་ཤར་གནས་བབ་ཐད་འབྲེལ་འདྲིས་ཟབ་མོ་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ས་ཁུལ་དང་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་བཟུང་སྟེ། དབུས་ཤར་ས་ཁུལ་གྱི་བདེ་འཇགས་ཀྱི་སྒྲོམ་གཞི་གསར་པ་འཛུགས་དགོས། ཞི་ཅིན་ཕིང་གིས་དེའི་ཐད་གྲོས་འགོ་ཁག་བཞི་བཏོན་པ་སྟེ། གཅིག་ནས་ས་ཁུལ་གྱི་ཐུན་མོང་བདེ་འཇགས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱེད་དགོས། དབུས་ཤར་ས་ཁུལ་གྱི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱེད་པར་ངོ་རྒོལ་དང་། ས་ཁུལ་དང་རྒྱལ་ཁབ་ཀྱིས་ཞི་བདེ་དང་བདེ་འཇགས་ཀྱི་གླེང་མོལ་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར། ས་ཁོངས་ཁྲོད་ཀྱི་བདེ་འཇགས་སྒྲོམ་གཞི་བསྐྱར་སྐྲུན་བྱས་ནས། རང་བདག་ངང་མདུན་ལམ་དང་ལས་དབང་དམ་འཛིན་བྱེད་དགོས། གཉིས་ནས་ས་ཁུལ་གྱི་ཐུན་མོང་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། དབུས་ཤར་ས་ཁུལ་དུ་གླེང་གཞིའི་གནད་དོན་མང་བ་དང་། ནང་གནས་འབྲེལ་བའི་རང་བཞིན་ཆེ་བས་ཕྱོགས་བསྡུས་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས། ཕ་ལེ་སི་ཐན་གྱི་གནད་དོན་ནི་སྔར་བཞིན་དབུས་ཤར་གནད་དོན་གྱི་སྲོག་ཤིང་ཡིན་པས། ག་དུས་ཡིན་ཡང་སྣང་ཆུང་དང་བས་མཐའ་ཅན་དུ་འགྱུར་མི་རུང་། གསུམ་ནས་ས་ཁུལ་གྱི་ཐུན་མོང་བདེ་འཇགས་ཀྱི་འཕེལ་རྒྱས་རྨང་གཞི་བརྟན་པོ་འདིང་དགོས། དབུས་ཤར་ས་ཁུལ་ཡུན་རིང་བདེ་འགོད་ཡོང་བར་བྱ་རྒྱུ་དེ་རྩ་བའི་ཆ་ནས་འཕེལ་རྒྱས་ལ་བརྟེན་དགོས། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་དང་རྒྱལ་ཁབ་སོ་སོ་དང་མཉམ་དུ་རྒྱལ་སྤྱིའི་གྲུ་ལམ་གྱི་བདེ་འཇགས་སྲུང་སྐྱོང་དང་འཕེལ་རྒྱས་མཉམ་ལས་ལ་སྐུལ་འདེད། ས་ཁུལ་དང་རྒྱལ་ཁབ་ཀྱི་ཁེ་ཕན་མཉམ་འདྲེས་ཡོང་བར་སྐུལ་སྤེལ་བཏང་སྟེ། ཕན་ཚུན་ཡིད་ཆེས་བྱེད་ཤུགས་རིམ་བཞིན་ཆེ་རུ་གཏོང་བ་དང་། འགལ་ཟླ་མེད་པར་བཟོ་འདོད་ཡོད། བཞི་ནས་ས་ཁུལ་གྱི་ཐུན་མོང་བདེ་འཇགས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དང་རྒྱལ་སྤྱིའི་བཅའ་ཁྲིམས་ནི་དབུས་ཤར་ས་ཁུལ་གྱི་ལས་དོན་ཐག་གཅོད་བྱེད་པའི་གཞི་རྩའི་སྲུང་བྱ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་ས་ཁོངས་ཕྱིའི་རྒྱལ་ཁབ་ཆེན་པོས་ཚད་གཞི་ཉིས་བརྩེགས་དོར་ཏེ། ས་ཁུལ་དང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱས་ནས། ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱ་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ས་ཁུལ་གྱི་ལས་དོན་ཐད་དོན་དམ་དུ་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་དགོས།
སའེ་ཞི་ཡིས་བསྟན་དོན། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དབུས་ཤར་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ལུགས་མཐུན་དྲང་བདེན་གྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་པར་བསྔགས་བརྗོད་ཆེན་པོ་བྱེད་ཀྱིན་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ས་ཁུལ་གྱི་དུས་བབ་ཞི་འཇགས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུར་བརྩོན་པ་དང་། ཆབ་སྲིད་ཀྱི་ཐབས་ལམ་བརྒྱུད་དེ་འགལ་ཟླ་དང་གདོང་ཐུག་སེལ་ཏེ། ས་ཁུལ་གྱི་བདེ་འཇགས་དང་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། ཨེ་ཅིབ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐུན་སྦྱོར་ལ་ཤུགས་སྣོན་དང་། དབུས་ཤར་ས་ཁུལ་གྱི་དུས་བབ་ཞི་ལྷོད་དུ་གཏོང་བ། དབུས་ཤར་ས་ཁུལ་གྱི་བརྟན་བརླིང་སྲུང་སྐྱོང་བྱས་ནས། ས་ཁུལ་གྱི་བདེ་འཇགས་སྒྲོམ་གཞི་འཚོལ་ཞིབ་བྱེད་འདོད་ཡོད།
གྲོས་མོལ་མཇུག་བསྒྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། མི་ཐབས་རིག་ནུས། དཔལ་འབྱོར་ཉོ་ཚོང་། ཐོན་སྐྱེད་དང་མཁོ་སྤྲོད་མུ་ཕྲེང་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མཉམ་དུ་མིང་རྟགས་བཀོད་པར་བདེན་དཔང་བྱས། ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་རབ། ཨེ་ཅིབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་བས་ཇེ་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ། འཚམས་འདྲིའི་སྐབས་སུ། ཕྱོགས་གཉིས་ཀྱིས་ད་དུང་གྲངས་འཛིན་དཔལ་འབྱོར་དང་ཚན་རྩལ། སློབ་གསོ། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ20ལྷག་ལ་མིང་རྟགས་བཀོད།
ཚེས2ཉིན་གྱི་ཉིན་གུང་། སའེ་ཞི་དང་དབྱི་ཐི་ས་ཨར་གྱིས་ཉི་མའི་ཕོ་བྲང་དུ་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ལ་དགའ་བསུའི་གསོལ་སྟོན་བཤམས།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས།