བོད་ལྗོངས་སྐྱིད་གྲོང་འགག་སྒོའི་ལྟེ་བའི་ས་ཁོངས་ཀྱི་སྐམ་ལམ་རོགས་སྐྱོབ་རྒྱུ་ལམ་ཤར་གཏོང་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

བོད་ལྗོངས་སྐྱིད་གྲོང་རྫོང་གི་འདམ་རུད་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་བྱ་བ་མུ་མཐུད་དུ་སྒྲུབ་བཞིན་ཡོད། ཚེས་གཉིས་ཉིན་གྱི་སྔ་དྲོའི་ཆུ་ཚོད10སྟེང་། སྐྱིད་གྲོང་གྲོང་རྡལ་ནས་སྐྱིད་གྲོང་འགག་སྒོའི་བར་གྱི་སྐམ་ལམ་རོགས་སྐྱོར་རྒྱུ་ལམ་ཤར་གཏོང་བྱས་ཏེ། རླངས་འཁོར་ཆེ་གྲས་དང་འཕྲུལ་ཆས་སྒྲིག་ཆས་རྒྱལ་ལམ216བརྒྱུད་ནས་གནོད་འཚེ་ཐེབས་སའི་ལྟེ་བའི་ས་ཁུལ་དུ་འབྱོར་ནས་གཏིང་རིམ་གྱི་འཚོལ་སྐྱོབ་བྱས། རོགས་སྐྱོབ་རུ་དཔུང་གིས་ཀྱང་མྱུར་དུ་འཚོལ་སྐྱོབ་བྱེད་ཐབས་ཇེ་ལེགས་སུ་བཏང་སྟེ། རོགས་སྐྱོབ་མི་སྣས་འཕྲུལ་ཆས་ཀྱི་ལས་སྒྲུབ་དང་བསྟུན་ནས་ཚེ་སྲོག་འཚོལ་ཞིབ་ཡོ་བྱད་སོགས་ཀྱི་ཆེད་ལས་སྒྲིག་ཆས་འཁྱེར་ཡོད་ལ། འཚོལ་སྐྱོབ་ཁྱི་བཀོད་སྒྲིག་བྱས་ནས་ཕ་བོང་སྤུངས་ཡོད་ས་དང་བཟོ་བཀོད་ཀྱིས་བཀབ་ཡོད་ས། ཆུ་ལམ་འདམ་གསོག་ཁུལ་བཅས་ལ་གྲལ་བཤེར་ཞིབ་ཚགས་བྱས་ཏེ། ས་འོག་ཏུ་གབ་པའི་གནས་གཅིག་ཀྱང་མི་ལུས་པར་བྱས།

བོད་ལྗོངས་དམག་ཁུལ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐབ་མོ་བས་གནོད་འཚེ་ཐེབས་ས་རུ་འཚོལ་སྐྱོབ་དང་དུག་སེལ་གྱི་བྱ་བ་སྒྲུབ་འགོ་བརྩམས།

ཉེན་ཁའི་གནས་ཚུལ་གྲལ་བཤེར་དང་ཞོར་ཐོན་གནོད་འཚེ་སྔོན་འགོག་སོགས་ཀྱི་བྱ་བ་ཡང་དུས་མཉམ་དུ་སྤེལ་བཞིན་ཡོད། རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་འཕྲལ་བསྟུན་རོགས་སྐྱོབ་རུ་དཔུང་གིས་གྲུབ་པའི་མཉམ་འབྲེལ་ལྟ་ཞིབ་ཚད་ལེན་ཚན་ཆུང་གིས་འཁྱིལ་མཚོའི་ཆུ་རགས་དང་སྟོད་རྒྱུད་ཀྱི་འཁྱག་རོམ། དེ་མིན་རི་ཉིལ་སར་རྒྱུན་མཐུད་ལྟ་ཞིབ་ཚད་ལེན་བྱས་ནས། ཡུལ་དངོས་ཀྱི་ཉེན་སེལ་རོགས་སྐྱོབ་ལ་བདེ་འཇགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས།

གནས་སྐབས་སྐྱིན་ཚབ་འཇལ་བའི་ཞབས་ཞུ་ཡང་སྤེལ་འགོ་བརྩམས་ལ། མིག་སྔར་འགན་བཅོལ་ལས་རིགས་ཀྱིས་ཐོག་མའི་ཚོད་དཔག་བྱས་པའི་གྱོང་གུན་དངུལ་འབོར་སྒོར་དུང་ཕྱུར་བཞི་དང་བྱེ་བ་ལྔ་ཡིན་ལ། དངུལ་ཁང་གིས་འདོན་སྤྲོད་བྱས་པའི་འཕྲལ་བསྟུན་འགན་སྲུང་ལག་དངུལ་སྒོར་དུང་ཕྱུར2ལས་བརྒལ།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།