ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པི་ཧྲི་ཁའེ་ཁི་རུ2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་སྐབས་མོང་གོལ་རྒྱལ་ཁབ་ཀྱི་སྲིད་འཛིན་ཧུའུ་རི་ལེ་སུའུ་ཧོ་དང་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་མོང་གི་རི་ཆུ་འབྲེལ་ཡོད་ཅིང་ཁྱིམ་མཚེས་ཡིན་ལ། ཞི་བདེ་མཉམ་གནས་དང་ལྟ་སྲུང་རོགས་རེས། མཉམ་ལས་མཉམ་རྒྱལ་བཅས་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གཙོ་རྒྱུན་དང་གཞི་རྩ་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་མོང་གི་འབྲེལ་བ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་གོ་གནས་གལ་ཆེན་དུ་བཞག་ནས། མོང་གོལ་ཕྱོགས་དང་མཉམ་དུ་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་ཟབ་སྤེལ། དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་སྤེལ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྐྱེ་སྟོབས་དང་གསོན་ཤུགས་སྔར་ལས་མང་བ་བསྣན་ཏེ། ཀྲུང་གོ་དང་མོང་གོལ་གྱི་ལས་བསྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ངེས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཀྲུང་མོང་འབྲེལ་བའི་འཕེལ་རྒྱས་ཀྱི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་བཏང་སྟེ། ཕན་ཚུན་གྱི་རྒྱལ་ཁབ་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་བྱེད་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ནས། ཉོ་ཚོང་དང་མཉམ་འབྲེལ་མཉམ་མཐུད། ནུས་ཁུངས་གཏེར་རྫས་སོགས་སྲོལ་རྒྱུན་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་གཏེར་རྫས་དང་མི་ཐབས་རིག་ནུས། གྲངས་འཛིན་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་བྱས་ཏེ། གཉིས་ཕན་མཉམ་ལས་ཀྱི་འཕར་གཞི་གསར་པ་དེ་བས་མང་བ་བསྐྲུན་དགོས་པ་མ་ཟད། རང་རང་སོ་སོའི་དེང་རབས་ཅན་གྱི་བགྲོད་ལམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་འདོད་ཡོད། མོང་གོལ་ཕྱོགས་ཀྱིས་ཀྲུང་གོའི་མ་དངུལ་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་རེ་བ་ཡོད། ཕྱོགས་གཉིས་ཀྱིས་ད་དུང་ཕྱོགས་མང་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་བསྣན་ནས། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་གདོང་གཏོད་དགོས།
ཧུའུ་རི་ལེ་སུའུ་ཧོ་ཡིས་བསྟན་དོན། མོང་ཀྲུང་ནི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། ཁྱིམ་མཚེས་རྒྱལ་ཁབ་བར་མཛའ་མཐུན་བཅས་བྱེད་ཀྱི་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱིས་མཐའ་འཁོར་རྒྱལ་ཁབ་ལ་གོ་སྐབས་གལ་ཆེན་འདོན་སྤྲོད་བྱས་ཏེ། ཡ་གླིང་དང་འཛམ་གླིང་གི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས། ཀྲུང་གོ་དང་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་ནི་མོང་གོལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་བྱེད་ཕྱོགས་གཙོ་བོ་ཡིན་ལ། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་སྟེ། ཉོ་ཚོང་དངུལ་གཏོང་དང་བཟོ་ལས། ཞིང་ལས། གཏེར་ལས། ལྗང་མདོག་དཔལ་འབྱོར་སོགས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་དང་། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ། ཞིན་ཅང་དང་བོད་ལྗོངས། ཞང་ཀང་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་ཚང་མ་ཀྲུང་གོའི་ནང་སྲིད་ཡིན་པ་ལག་བསྟར་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དང་མིའི་རིགས་ཀྱི་ལས་བསྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་འདུ་ཤེས་དེ་འཛམ་གླིང་གི་ཞི་བདེ་བདེ་འཇགས་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཞིང་། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ལག་བསྟར་བྱེད་འདོད་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་མཇལ་འཕྲད་ལ་ཞུགས།