ཟླ8པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་གྱི་ལས་ཚབ་རོགས་སྐྱོབ་ལས་གཞིའི་སྡེ་མིས་རང་བསྐྲུན་རྣམ་པའི་ཡུལ་དངོས་ལྟ་སྦྱོང་བརྗེ་རེས་བྱེད་སྒོ་གུང་ཧོ་རྫོང་དུ་སྤེལ། གུང་ཧོ་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ལས་ཚབ་རོགས་སྐྱོབ་ལས་གཞི་ལག་བསྟར་བྱེད་པའི་གཙོ་གནད་རྫོང་ཡིན་པའི་ཆ་ནས། སྡེ་མིས་རང་བསྐྲུན་རྣམ་པར་སྐུལ་འདེད་གཏོང་བའི་ཁྲོད་སྔོན་དུ་བསྐྱོད་པ་དང་སྔོན་ལ་ཚོད་ལྟ་བྱེད་པ། སྤོབས་པ་ཆེན་པོས་འཚོལ་ཞིབ་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལས་ཚབ་རོགས་སྐྱོབ་ཀྱི་ལམ་བུ་གསར་བ་ཞིག་ཏུ་བསྐྱོད་ཡོད། ཐེངས་འདིའི་ལྟ་སྦྱོང་བརྗེ་རེས་བྱེད་སྒོ་ཡིས་སྡེ་མིས་རང་བསྐྲུན་གྱི་རྣམ་པ་གསར་པ་ཁྱོན་ཡོངས་ནས་ཁྱབ་སྤེལ་གཏོང་བ་དང་། ལས་ཚབ་རོགས་སྐྱོབ་ཀྱིས་ལས་ཞུགས་བརྟན་པོ་ཡོང་བར་བྱེེད་པ་དང་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བ། དམངས་འཚོར་ཕན་འདོགས་པ། རྨང་གཞིའི་སྒྲིག་བཀོད་སྲ་བརྟན་དུ་གཏོང་བ་སོགས་ཀྱི་ཐད་སྔར་ལས་ནུས་པ་མང་པོ་ཐོན་པར་ཤུགས་སྣོན་རྒྱུ་མ་ཟད། ཞིང་སྡེའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ནང་གནས་སྒུལ་ཤུགས་ངེས་པ་དོན་གྱིས་སྐུལ་སློང་བྱ་རྒྱུ་རེད།
2026ལོར། མཚོ་སྔོན་གྱིས་བསྡོམས་པས་ཀྲུང་དབྱང་གི་ལས་ཚབ་རོགས་སྐྱོབ་ཀྱི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་དགུ་ས་ཡ་གཅིག་དོན་འཁྱོལ་བྱས་པ་དང་། ལོ་སྔོན་མ་དང་བསྡུར་ན་སྒོར་བྱེ་བ་བརྒྱད་དང་ས་ཡ་དགུ་འབུམ་བརྒྱད་ཇེ་མང་དུ་བཏང་ཡོད་ལ། དུས་མཉམ་ལས14.93%འཕར་ཡོད་པས་ཟིན་ཐོ་གསར་བ་བསྐྲུན། མིག་སྔར། དངུལ་གཏོང་འཆར་གཞི་ཞིང་ཆེན་ཡོངས་ཀྱི་རྫོང་དང་གྲོང་ཁྱེར། ཁུལ་ཉེར་བདུན་ལ་སྤྲད་ཡོད་ཅིང་། ཞིང་ལས་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་བརྒྱ་དང་ང་གཅིག་ལ་རྒྱབ་སྐྱོར་བྱས་པར་མ་ཟད། ཕལ་ཆེར་ལས་ཞུགས་ལས་གནས་ཁྲི་གཅིག་དང་སྟོང་བདུན་ཐག་གཅོད་བྱས་ཤིང་། ལས་ཀ་བྱེད་མཁན་མང་ཚོགས་ལ་ངལ་རྩོལ་གླ་ཆ་བྱིན་ཚད་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ལ་སླེབས།
བྱེད་སྒོའི་ཁྲོད་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་དང་ཐེ་གེ་ཡུལ་ཚོ་གཉིས་ཀྱི་སྡེ་མིས་རང་སྐྲུན་བྱེད་པའི་ལས་གཞིའི་ཡུལ་དངོས་ལ་ལྟ་སྐོར་བྱས། དེས་མང་ཚོགས་ཀྱི་སྒོ་འགྲམ་དུ་ལས་ཞུགས་དང་ཡོང་འབབ་འཕར་སྣོན་ཡོང་བའི་དངོས་ཡོད་དགོས་མཁོ་ཐག་གཅོད་ནུས་ལྡན་བྱས་ཏེ། ཕྱིར་ལོག་ཞིང་པ་ལས་མི་རྣམས་ལ་བརྟན་འཇགས་ངང་ལས་ཀ་ཐོབ་པ་དང་ཡོང་འབབ་མང་དུ་གཏོང་བར་སྐུལ་འདེད་གཏོང་བའི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། གུང་ཧོ་རྫོང་གི་ལག་ལེན་ཉམས་མྱོང་འཚོལ་ཞིབ་བྱས་པའི་ཐད་ནས་རང་རེའི་ཞིང་ཆེན་གྱིས་སྡེ་མིས་རང་སྐྲུན་བྱེད་སྟངས་ཁྱབ་གདལ་གཏོང་བ་ནི་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པའི་བཅོས་བསྒྱུར་བྱེད་ཐབས་རྣལ་མ་ཞིག་ཡིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་རྒྱལ་ཁབ་སྲིད་ཇུས་ཀྱི་བླང་བྱར་དམ་པོར་དམིགས་ཏེ་དུས་རབས་གསར་པའི་ལས་ཚབ་རོགས་སྐྱོབ་སྲིད་ཇུས་ཀྱི་དོན་སྙིང་གཙོ་བོ་དང་ལས་གཞི་དོ་དམ་གྱི་བླང་བྱ་གསར་པ། དེ་བཞིན་ལས་གཞི་དཔྱད་ཞིབ་བཅས་མཉམ་སྤྱོད་སྤེལ་རེས་གནང་བ་མ་ཟད། ལས་གཞི་ཞིབ་དཔྱད་འགན་འཁྲི་ནན་པོར་བསྒྲུབས་ཤིང་། སྔོན་ལ་མང་ཚོགས་ཀྱིས་ངལ་རྩོལ་བྱེད་པའི་དགོས་མཁོ་ཡོད་པ་དང་རྗེས་སུ་ལས་གཞིའི་འཆར་གཞི་བཀོད་སྒྲིག་བྱེད་པའི་རྩ་དོན་ལྟེ་བར་བཟུང་སྟེ་སྡེ་མིས་རང་སྐྲུན་བྱེད་སྟངས་རྒྱ་སྐྱེད་དང་སྤུས་ཚད་མཐོར་འདེགས་ལས་དོན་ཏན་ཏིག་སྤེལ་བཞིན་ཡོད། ལས་གཞིའི་རྟེན་གཞི་བེད་སྤྱད་དེ་རྒྱུན་རྣམ་ཅན་གྱི་ལག་ལེན་བཀོལ་སྤྱོད་ལག་རྩལ་གསོ་སྦྱོང་སྤེལ་བ་དང་། ཨར་འདམ་བླུགས་པ་དང་ཆུ་ཡུར་རྩིག་པ་སོགས་ཐད་ལས་རིགས་ཁག་གི་ལག་རྩལ་རྐང་འཛིན་པ་གཞི་རིམ་དུ་བཏང་ནས་སློབ་ཁྲིད་གནང་རྒྱུར་གཅིག་གྱུར་འཆར་འགོད་བྱས་ཡོད། རྩལ་ནུས་གསོ་སྦྱོང་དེ་སྡེ་མིས་རང་སྐྲུན་བྱེད་སྟངས་གཙོ་བོར་བརྩིས་ནས་དམ་འཛིན་བྱས་ཏེ། ལས་གཞི་གཅིག་ལག་བསྟར་བྱས་པས་ལག་རྩལ་ལྡན་པའི་ངལ་རྩོལ་མི་སྣ་ཁག་ཅིག་གསོ་སྐྱོང་ཐུབ་པ་དང་ས་ཁུལ་ཡོངས་ལ་ཕན་འབྲས་བཟང་པོ་ཐོན་ཐུབ་པ་མངོན་འགྱུར་བྱུང་།