ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས31ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། ཟླ8པའི་ཚེས28ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་གཞིས་ཀ་རྩེ་སྐྱིད་གྲོང་རྫོང་ལ་འདམ་རུད་ཀྱི་གནོད་འཚེ་ཐེབས་པའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། འབྲེལ་ཡོད་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་གང་ལེགས་སྒོས་མངོན་པར་མ་ཟད། ཉེན་སེལ་རྒུད་སྐྱོབ་དང་གནོད་འཚེའི་ཉེན་ཁར་སྔར་ལས་འགོག་ཟོན་ལེགས་པོ་བྱེད་པའི་བྱ་བར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཀྱི་གྲོས་ཚོགས་ཀྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས། མཐར་ཐུག་བསམ་བློ་དང་ཚད་མཐའི་བསམ་བློ་མཐའ་འཁྱོངས། ཞོད་འགོག་གནོད་སྐྱོབ་ཀྱི་བྱེད་ཐབས་སྣ་ཚོགས་དངོས་འབེབས་ནན་མོ་བྱེད་པ་དང་། མཚོ་བོད་མཐོ་སྒང་གི་འཁྱགས་རོམ་འཁྱགས་མཚོའི་ཐོན་ཁུངས་ཞིབ་བཤེར་ལེགས་པོ་བྱ་དགོས་ལ། ཐག་རིང་ས་ཁུལ་གྱི་འཕྲལ་བསྟུན་ཐག་གཅོད་ནུས་པ་དངོས་སུ་མཐོར་འདེགས་བཏང་སྟེ། གནོད་འཚེའི་དོན་རྐྱེན་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་མི་འབྱུང་བའི་ཚད་མཐའ་མཐའ་གཅིག་ཏུ་དམ་པོར་བསྲུང་དགོས།

གྲོས་ཚོགས་ལས་བསྟན་དོན། ཟླ9པར། རང་ཞིང་ལ་སྔར་བཞིན་ཐེངས་འགར་དྲག་ཆར་འབབ་སྲིད་པས། གྲོས་མོལ་ཞིབ་གཅོད་ལ་ཤུགས་སྣོན་དགོས་པ་དང་། ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་བསྣན་ནས། དང་ལེན་ཟུང་གི་རྐྱེན་སྲོལ་དངོས་འབེབས་ནན་མོ་བྱེད་པ་དང་། སྒོ་རྒྱག་པ་དང་མཚམས་འཇོག་པ། ཕྱིར་འཐེན་བྱེད་པ། གནས་སྤོ་བ། སྐོར་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་མཐའ་གཅིག་ཏུ་ལག་བསྟར་བྱ་དགོས། ཞོད་འགོག་བྱ་བར་དུས་ཐོག་ཏུ་བསྐྱར་བཤེར་བྱེད་པ་དང་། འཕྲལ་བསྟུན་སྔོན་ཇུས་རིམ་སྤོར་དང་འཐུས་ཚང་དུ་གཏོང་བ། དུས་ལྟར་སྤྱི་སྡོམ་མཐོར་འདེགས་གཏོང་བ། དངོས་འཐབ་སྦྱོང་བརྡར་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཞོད་འགོག་གནོད་སེལ་རྒུད་སྐྱོབ་ཀྱི་གྲ་སྒྲིག་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་དགོས། རིམ་པ་སོ་སོའི་འགན་འཁྲི་དངོས་འབེབས་ནན་མོ་བྱེད་པ་དང་། ཏང་སྲིད་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་སྔོན་ལ་བཀོད་འདོམས་དང་ལས་གནས་སུ་འགན་སྒྲུབ་བྱ་དགོས་ལ། ལས་རེས་ལས་སྲུང་དང་འགོ་ཁྲིད་ཀྱིས་སྣེ་ཁྲིད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཞོད་འགོག་འགག་སྒྲོལ་གྱི་བྱ་བ་ལེགས་པོར་བསྒྲུབ་པ་བཅས་བྱས་ནས། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་བརླིང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་དགོས།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།