ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་གྲོས་གཞི་བསྒྲུབ་པ་དང་རི་སྐྱེས་དབྱར་རྩྭ་དགུན་འབུའི་སྲོལ་ཡིག་མཐུན་སྦྱོར་ཁྲིམས་འཛུགས་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས26ཉིན་ནས་ཚེས28ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས། ཡུལ་དངོས་སུ་འཐུས་མི་སྒྲོལ་མ་དོན་གྲུབ་ཀྱིས་བཏོན་པའི་《གཅིག་སྒྲིལ་རྫོང་གཉན་པོ་གཡུ་རྩེ་རྒྱལ་ཁབ་ས་གཤིས་སྤྱི་གླིང་སྲུང་སྐྱོབ་ཀྱི་སྔོན་འགྲོའི་འོག་རིམ་ལྡན་ངང་སྒོ་འབྱེད་པའི་སྐོར་གྱི་གྲོས་གཞི》བསྒྲུབས་པར་མ་ཟད། རི་སྐྱེས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དོ་དམ་གྱི་སྲོལ་ཡིག་མཐུན་སྦྱོར་ཁྲིམས་འཛུགས་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གཉན་པོ་གཡུ་རྩེའི་ཡན་ལག་སྲུང་སྐྱོབ་ཁུལ་དང་དབྱར་རྩྭ་དགུན་འབུའི་ཉོ་ཚོང་ཁྲོམ་ར་ཁ་ཤས་སུ་སོང་སྟེ། ཡུལ་དངོས་ལྟ་ཞིབ་དང་སྙན་ཞུར་ཉན་པ། བཞུགས་མོལ་བརྗེ་རེས་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། གཉན་པོ་གཡུ་རྩེའི་སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ཁུངས་བེད་སྤྱོད། འཐུས་མིའི་གྲོས་གཞི་སྒྲུབ་པའི་ཕན་འབྲས་བཅས་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ་གྱི་ཁྲིམས་འཛུགས་ཐད་ཀྱི་དཀའ་གནད་དང་འགག་གནད་གསེད་བཀྲོལ་བྱས་ཏེ། བསམ་འཆར་དང་གྲོས་གཞི་རྒྱ་ཆེར་བསྡུ་ལེན་བྱས།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། འཐུས་མི་གྲོས་གཞི་བསྒྲུབ་པའི་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། ཁྲིམས་སྐྱོང་བསམ་བློ་བརྟན་པོར་འཛུགས་པ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་གཏིང་ཟབ་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བཅས་བྱས་ཏེ། གཉན་པོ་གཡུ་རྩེ་ཚན་རིག་དང་མཐུན་པའི་སྒོ་ནས་རིམ་ལྡན་ངང་སྒོ་འབྱེད་པར་སྐུལ་འདེད་གཏོང་དགོས། འགན་འཁྲི་ཁག་ཁུར་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཧུར་ཐག་གིས་བརྩོན་ལེན་བྱེད་པ། སྲུང་སྐྱོབ་ཁུལ་ལེགས་སྒྱུར་དག་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། འཐུས་མི་གྲོས་གཞི་སྤུས་ཚད་མཐོན་པོས་བསྒྲུབ་པ་བརྒྱུད་དེ། མགོ་ལོག་གི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཐད་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས།

རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། རི་སྐྱེས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོབ་དོ་དམ་གྱི་མཐུན་སྦྱོར་ཁྲིམས་འཛུགས་ནི་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཡིན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བདེ་འཇགས་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ། དམངས་འཚོའི་བདེ་སྐྱིད། གཞི་རིམ་བཅོས་སྐྱོང་བཅས་དང་འབྲེལ་བ་ཡོད། ཁྲིམས་འཛུགས་ལེགས་པོ་དང་བཅོས་སྐྱོང་བཟང་པོ་བྱེད་པའི་དམིགས་འབེན་ལ་དམ་པོར་གཞིགས་ནས། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས། ཚན་རིག་གི་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས། ཁྲིམས་མཐུན་ཁྲིམས་འཛུགས་བཅས་མཐའ་འཁྱོངས་བྱེད་པ་དང་། ཁྲིམས་འཛུགས་ལ་བརྟེན་ནས་དོ་དམ་སྲུང་སྐྱོབ་ཀྱི་དཀའ་གནད་སེལ་བ་བརྒྱུད། གོང་འོག་མཉམ་འགུལ་བྱེད་པ་དང་། མཐུན་སྦྱོར་ཁྲིམས་འཛུགས་ལ་ཚད་གཞི་མཐོན་པོས་སྐུལ་འདེད་བཏང་ནས། སྲོལ་ཡིག་དེ་ལྟེ་བའི་སྤྱི་ཡོངས་ལ་དམ་པོར་དམིགས་པ་དང་ས་ཁོངས་ཀྱི་དངོས་ཡོད་དང་འཚམ་པ། མང་ཚོགས་ཀྱི་འདོད་བློར་བསྟུན་པ་བཅས་ལ་ཁག་ཐེག་བྱ་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།