ཟླ8པའི་ཚེས31ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་ཟི་ལིང་དུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་ཏང་གི་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། ཞིང་ཆེན་ཡོངས་ནས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བྱེད་པའི་སློབ་སྦྱོང་སློབ་གསོ་སྤྱི་སྡོམ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་མཐོར་འདེགས་དང་སྲ་བརྟན་གཏོང་བར་ཞིབ་འཇུག་དང་བཀོད་སྒྲིག སློབ་སྦྱོང་སློབ་གསོའི་ཡུན་ཕན་བྱ་བའི་ལམ་སྲོལ་འཛུགས་པ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དམངས་ལ་བདེ་སྐྱིན་བསྐྲུན་པ་དང་ལས་སྒྲུབ་ལས་གཏོད་ལ་དམིགས་པར་ཁྲིད་སྟོན་བྱེད་པ་བཅས་བྱས་ཏེ། བློ་སེམས་རྩེ་གཅིག་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་ཚོགས་འདུར་ཞུགས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱིས་སློབ་སྦྱོང་སློབ་གསོའི་བྱ་བ་དང་གྲུབ་འབྲས་ལ་ངེས་ལེན་གང་ལེགས་བྱས་ཡོད་ལ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་མཐོར་འདེགས་དང་སྲ་བརྟན་གཏོང་བ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བྱེད་པར་བླང་བྱ་གསལ་བོ་བཏོན་ཡོད་པས། ཏང་ཀྲུང་དབྱང་གིས་རྒྱུན་མཐུད་ངང་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་ཆོད་སེམས་བརྟན་པོ་མངོན་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཡོངས་ཀྱིས་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ལེན་པ། ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། མུ་མཐུད་དུ་གཏན་ཕབ་གཉིས་ལ་གོ་བ་གཏིང་ཟབ་ལེན་པའི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཆེར་བསྐྱེད་བྱེད་པ། བློ་ཐག་རྦད་ཆོད་ཀྱིས་སྲུང་སྐྱོང་གཉིས་ཀྱི་བརྟན་བརླིང་རང་བཞིན་དང་རང་རྟོགས་རང་བཞིན་ལེགས་པར་སྒྲུབ་པ། ཆོས་ཉིད་རང་བཞིན་གྱི་ངོས་འཛིན་དང་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བྱེད་པ། རྒྱུན་མཐུད་ངང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆའི་ཏང་ཡོན་ལས་བྱེད་པས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་ལ་ཕན་བདེ་བསྐྲུན་པ། ཚན་རིག་དང་མཐུན་པའི་ཇུས་ཆོད། དམ་པ་དོན་གཉེར་བཅས་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་ཁྲོད་ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་བསྐྲུན་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་དང་ཀྲུང་དབྱང་རིམ་པའི་ལས་དོན་ཆེད་སྒྲུབ་ཚོགས་ཆུང་གི་མཛུབ་ཁྲིད་ནུས་ལྡན་འོག་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། སློབ་སྦྱོང་དང་ཞིབ་བཤེར། དག་ཐེར་བཅས་མཉམ་དུ་སྤེལ་བས་སྲིད་འབྲས་ལྟ་བའི་ནོར་འཁྲུལ་ཅན་གྱི་རིགས་ཁག་ཅིག་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཁག་ཅིག་ལ་ཁ་གཏད་ཏན་ཏིག་བྱེད་པ། ལོ་རྒྱུས་སྟེང་འཐུས་ཤོར་བྱུང་བའི་གནད་དོན་མང་པོ་ཞིག་ལ་ལོ་རྒྱུས་རང་བཞིན་གྱི་ཡར་རྒྱས་ལེན་པ། རྩ་བ་དམ་འཛིན་བྱེད་པ་དང་མིག་རྒྱང་རིང་བའི་ལམ་ལུགས་ལམ་སྲོལ་ཁག་ཅིག་གསར་འཛུགས་དང་འཐུས་ཚང་དུ་བཏང་སྟེ་ལོ་ལྔའི་འཆར་འགོད་བཅོ་ལྔ་བ་འགོ་ཚུགས་པའི་བྱ་བ་ཁག་ལ་སྐུལ་འདེད་ཤུགས་ཆེན་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བྱེད་པ་ནི་དུས་ཡུན་རིང་པོར་བསྒྲུབ་དགོས་པའི་ལས་འགན་གལ་ཆེན་ཞིག་ཡིན་ལ། ཏང་ཡོན་ལས་བྱེད་པའི་མི་ཚེ་གང་བོར་སློབ་སྦྱོང་བྱེད་དགོས་པའི་སློབ་ཚན་ཡང་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་མུ་མཐུད་དུ་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་བ་དང་། དུས་རྒྱུན་དུ་སྲིད་འབྲས་ལྟ་བའི་སློབ་གསོ་སྤེལ་ཏེ། མི་དམངས་ཆེད་དུ་སྲིད་དོན་སྒྲུབ་པ་དང་ལས་བརྩོན་དངོས་སྒྲུབ་ཐོག་ནས་སྲིད་དོན་སྒྲུབ་པའི་རྣམ་པ་བཟང་པོ་བསྐྲུན་དགོས། དག་ཐེར་ཡོ་བསྲང་གི་ཕན་འབྲས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ། རྒྱུན་རྣམ་ཅན་གྱི་གནད་དོན་འཚོལ་བཤེར་དང་བཅོས་སྒྲིག་བྱེད་པ་རྒྱུན་འཁྱོངས་བྱེད་པ། འགུལ་རྣམ་ཅན་གྱི་བརྟག་དཔྱད་དབྱེ་ཞིབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དཔོན་པོ་གསར་པས་རྩིས་རྙིང་ཁས་མི་ལེན་པ་ཞེས་པའི་དག་ཐེར་ལེགས་བཅོས་ཟབ་སྤེལ་བྱེད་པ་བཅས་བྱས་ཏེ། འཆར་འགོད་ལག་བསྟར་མཐར་ཕྱིན་ཡོང་བར་འགན་ལེན་བྱ་དགོས། ལས་སྒྲུབ་ནུས་པ་ཆེན་པོ་ཡོད་མཁན་འདེམས་སྤྱོད་ཀྱི་ཁ་ཕྱོགས་གསལ་པོ་བཟོ་བ་དང་། ཁྱད་པར་དབྱེ་འབྱེད་དཔྱད་འཇོག་མ་ལག་ཆ་ཚང་བཟོ་བ། དོ་དམ་ལྟ་སྐུལ་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ། དབང་ཆ་འཁོར་སྐྱོད་ཀྱི་ཚོད་འཛིན་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྒྱུན་རྣམ་ཅན་གྱི་ཁ་ཏ་དང་གསལ་བརྡ་ཞིབ་ཕྲ་བྱེད་པ། འགན་འཁུར་མི་སྣ་གཙོ་བོ་བརྗེ་རེས་སྐབས་རྩིས་སྤྲོད་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཏན་ཏིག་གིས་ཆེ་རུ་གཏོང་དགོས།
ཐེངས་འདིའི་ཚོགས་འདུ་བརྙན་ལམ་ནས་བསྡུས་པ་དང་། མགོན་པོ་བཀྲ་ཤིས་དང་ལིའུ་མེ་ཕིན། ཀྲང་ཅིན་ཀང་། ཝང་ཏ་ནན། ཝུ་ལ་ཙི་པེ་ཁེ•རེའུ་སུའུ་ལི་ཧན། ཀྲུའུ་ཞང་ཧྥེང་། ཧི་ལུའུ་ཁྲུན། ཚའོ་ཅུན། དབྱང་ཧྥུང་ཁྲུན་བཅས་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་ནས་ཚོགས་འདུར་ཞུགས།