བོད་ལྗོངས་སྐྱིད་གྲོང་རྫོང་གི་འདམ་རུད་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་བྱ་བ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པའི་སྒང་ཡིན།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་འདམ་རུད་གནོད་འཚེའི་རོགས་སྐྱོབ་བྱ་བའི་གནས་ཚུལ་ལ་མུ་མཐུད་དུ་དོ་ཁུར་བྱ། ཚེས29ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་པའི་ཚུན། གནོད་འཚེ་ལས་མི16རྐྱེན་ལམ་དུ་ཤོར་བ་དང་། མི546ལ་འབྲེལ་བ་ཆད། མིག་སྔར། ཉེན་སེལ་རོགས་སྐྱོབ་གེགས་སེལ་གྱི་བྱ་བ་སོ་སོ་སྔར་བཞིན་བྲེལ་མྱུར་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པའི་སྒང་ཡིན།

ཚེས30ཉིན་བསྡུས་པའི་བོད་ལྗོངས་སྐྱིད་གྲོང8·26འདམ་རུད་གནོད་འཚེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཐོག ཐེངས་འདིའི་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་གེགས་སེལ་གྱི་བྱ་བའི་གནས་ཚུལ་གསར་ཤོས་ངོ་སྤྲོད་བྱས། མིག་སྔར། བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དམག་དཔུང་། ཀྲུང་གོ་མེ་འགོག་མེ་གསོད་རོགས་སྐྱོབ་རུ་ཁག མཐའ་སྲུང་། སྤྱི་བདེ། ད་རུང་ཀྲུང་གོ་ཨན་ནེང་སོགས་ཕྱོགས་སོ་སོའི་རོགས་སྐྱོབ་སྟོབས་ཤུགས་ཏེ། མི2141སྐུལ་སློང་དང་སྒྲིག་འཛུགས་བྱས་པ་དང་། རོགས་སྐྱོབ་རླངས་འཁོར269དང་རོགས་སྐྱོབ་སྒྲིག་ཆས3922བཀོད་གཏོང་བྱས། རོགས་སྐྱོབ་སྟོབས་ཤུགས་ད་ལྟ་ཆུ་ལམ་དང་གཞུང་ལམ། མཁའ་ལམ་བཅས་ལམ་གསུམ་བརྒྱུད་དེ་ནུས་ཤུགས་ཡོད་རྒུས་གནོད་ཐེབས་ཚབས་ཆེ་བའི་ས་ཁུལ་དུ་སྐྱོད་བཞིན་ཡོད། སྒྲོག་སྤེལ་ཚོགས་འདུའི་ཐོག་ད་རུང་རྒྱལ་ནང་གི་འབྲེལ་ཆད་མི་སྣའི་ནང་མིར་ཞབས་ཞུ་མཁོ་འདོན་བྱེད་པའི་ཐད་སྦྲེལ་ཁ་པར་ཏེ། 0892-8980106དང་། 0892-8980107ཞེས་ཡོངས་བསྒྲགས་བྱས་ནས། ཆུ་ཚོད24རིང་གི་ཞབས་ཞུ་མཁོ་འདོན་བྱས།

སྐྱིད་གྲོང་འགག་སྒོའི་གནོད་ཐེབས་ཚབས་ཆེ་བའི་ས་ཁུལ་དུ། ཉེན་སེལ་འཚོལ་སྐྱོབ་བྱ་བ་རྒྱུན་མཐུད་ངང་སྤེལ་བཞིན་ཡོད། བསྟུད་མར་ཉིན་ཤས་རིང་ཆར་པ་བབས་པའི་རྐྱེན་གྱིས། གནོད་ཐེབས་ཚབས་ཆེ་བའི་ས་ཁུལ་གྱི་ས་རིམ་རྩ་བ་ནས་འདམ་དུ་གྱུར་ཡོད་པ་དང་། འདམ་བག་གི་མཐུག་ཚད་སྨི1.5དང་ཐ་ན་སྨི2ཡན་ལ་སླེབས་ནས། མར་རྡིབ་པའི་ཉེན་ཁ་ཆེ། བདེ་འཇགས་ལ་འགན་སྲུང་བྱེད་ཆེད། འཚོལ་སྐྱོབ་རུ་མིས་མི་གཉིས་རེ་ཚོ་ཆུང་རེ་བྱས་པ་དང་ཐག་པས་ཕན་ཚུན་བསྒྲོགས་ཏེ་འདམ་གྱིས་ཁེབས་པའི་ཁུལ་ཁོངས་དང་ཞིག་རོའི་ཁུགས་སྣེ་རུ་ཞིབ་བཤེར་ཞིབ་ཚགས་བྱས་ནས། ནུས་ཤུགས་ཡོད་རྒུས་ལེབ་བཤེར་རྣམ་པས་གྲལ་བཤེར་དང་འཚོལ་ཞིབ་བྱས།

ཚེས30ཉིན། བོད་ལྗོངས་དམག་ཁུལ་སྐམ་དམག་མཁའ་སྐྱོད་མདའ་དཔུང་ག་གེ་མོས་ཐད་འཕུར་གནམ་གྲུ་གཉིས་བཏང་ནས་འགག་སྒོའི་ལྟེ་བའི་ས་ཁུལ་དུ་ལངས་གཟུགས་རོགས་སྐྱོར་གྱི་ལས་འགན་སྤེལ་ནས། བསྡོམས་པས་བར་སྣང་ནས་དངོས་ཟོག་སྤྱི་རྒྱ400ལྷག་བཏང་བ་དང་། ཆེད་ལས་རོགས་སྐྱོབ་མི་སྣ77བརྒྱུད་འདྲེན་བྱས།

རོགས་སྐྱོབ་སྟོབས་ཤུགས་དང་འཕྲུལ་ཆས་ཆེ་གྲས་སྔར་ལས་མང་བ་ཞིག་ལས་སྒྲུབ་ཡག་པོ་བྱེད་ཐུབ་པར་གཏོང་ཆེད། གཏོར་སྐྱོན་ཐེབས་པའི་རྒྱལ་ལམ216མྱུར་གསོ་བྱ་རྒྱུ་ནི་སྔར་བཞིན་མིག་སྔའི་རོགས་སྐྱོབ་ཉེན་སེལ་བྱ་བའི་གཙོ་གནད་ནང་གི་གཅིག་ཡིན། ཚེས30ཉིན་གྱི་ཕྱི་དྲོའི་ཆུ་ཚོད4པའི་ཚུན། ཉེན་སེལ་རུ་ཁག་གིས་དཀྱོག་ལམ་དང་པོའི་སྐྱོག་མཚམས་གཉིས་ཤར་གཏོང་བྱས་པ་དང་། འཕྲོ་རུ་ལུས་པའི་སྤྱི་ལེ་1.25ཙམ་གྱི་རོགས་སྐྱོབ་རྒྱུ་ལམ་མྱུར་གསོ་བྱེད་བཞིན་ཡོད།

བོད་ལྗོངས་གློག་ཤུགས་མྱུར་གསོ་རུ་ཁག་གིས་ཉིན་མཚན་མེད་པར་ལས་ཀ་བསྒྲུབས་ནས། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་བྱ་བར་འགན་སྲུང་བྱས།

གནོད་འཚེ་བྱུང་རྗེས། སྐྱིད་གྲོང་འགག་སྒོའི་སྟོད་རྒྱུད་ས་ཁུལ་དུ་རི་ཉིལ་བའི་རྐྱེན་གྱིས། མཚོ་ཁའི་འགགས་པ་མང་པོ་གྲུབ། ཚེས30ཉིན་གྱི་ཕྱི་དྲོའི་ཚུན། དེའི་ནང་གི་འགགས་པ་གཉིས་ཀྱི་འཁྱིལ་ཆུ་ཕལ་ཆེར་བཤངས་ཐུབ་པ་བྱུང་།

འཕྲལ་སྡོམ་དོ་དམ་པུའུ་ཉེན་ཁ་ལྟ་ཞིབ་ཚད་ལེན་དང་མེ་སྐྱོན་ཕྱོགས་བསྡུས་འགོག་བཅོས་སིའི་སི་ཀྲང་གཞོན་པ། ཝང་ཁྲེང་ལེ་ཡིས་བཤད་རྒྱུར།

ང་ཚོས་ཡུལ་དངོས་སུ་ལྟ་ཞིབ་ཚད་ལེན་དང་ལག་རྩལ་གྱི་ལྟ་ཞིབ་ཚད་ལེན་བརྒྱུད། གསར་དུ་གྲུབ་པའི་མཚོ་ཁའི་འགགས་པ་དེ་ད་ལྟ་རྒྱུན་ལྡན་དུ་བཞུར་བཞིན་ཡོད། འཁྱིལ་ཆུ་ཕལ་ཆེར་བཤངས་ཚར་བ་དང་། ཉེན་ཁ་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་པར་གྱུར་ཡོད།

མང་ཚོགས་བདེ་འགོད་དང་གེགས་སེལ་འགན་སྲུང་བྱ་བ་རྒྱུན་མཐུད་ངང་ཡག་པོ་བསྒྲུབ་རྒྱུའི་ཐད། ས་སླེ་ཞང་ཀོ་པ་སྡེ་བ་རུ་མང་ཚོགས105བདེ་འགོད་བྱས་ཡོད་དེ། ཚེས30ཉིན། གསར་འགོད་པས་གནས་འདིར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མངགས་པའི་སེམས་ཁམས་རོགས་སྐྱོབ་ཆེད་མཁས་པའི་ཚོགས་ཆུང་གིས་སྐོར་སྐྱོད་སྨན་བཅོས་བྱས་ནས་སེམས་གསོ་བྱེད་བཞིན་པའི་གནས་ཚུལ་མཐོང་།

སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་འཕྲལ་སྡོམ་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ། ཙོའུ་ལིན་གྱིས་བཤད་རྒྱུར།

ང་ཚོས་བཅའ་སྡོད་དང་། སྐོར་སྐྱོད་སྨན་བཅོས། རེས་སྐོར་སྨན་བཅོས་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཉེན་གཡོལ་བདེ་འགོད་བྱས་པའི་མང་ཚོགས་ལ་སེམས་གསོ་དང་སེམས་ཁམས་བདེ་ཐང་སྐོར་གྱི་ཚན་རིག་ཤེས་བྱ་ཁྱབ་གདལ་བྱེད་རྒྱུ་ཡིན། ཆབས་ཅིག་ཏུ་ང་ཚོས་ད་རུང་ས་གནས་ཀྱི་སྨན་བཅོས་མི་སྣར་གསོ་སྦྱོང་བྱས་ཏེ། ཁོ་ཚོར་རང་གི་སེམས་ཁམས་སྙོམས་སྒྲིག་བྱེད་ཐབས་ཁྲིད་རྒྱུ་ཡིན།

གསར་འགོད་པས་ཚེས30ཉིན་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ལས་རྒྱུས་ལོན་པ་ལྟར་ན། བྲེལ་མྱུར་ངང་ཉེན་སེལ་རང་སྐྱོབ་བྱེད་པ་དང་ཆབས་ཅིག ཀྲུང་གོ་ཕྱོགས་ཀྱིས་བལ་བོ་ལའང་རོགས་སྐྱོར་རབ་དང་རིམ་པ་མཁོ་འདོན་བྱས། མིག་སྔར། རོགས་སྐྱོར་དངོས་ཟོག་ཀ་ཏ་མན་རྡུར་འབྱོར་ཡོད་པ་དང་། ཕུག་ལམ་རོགས་སྐྱོབ་ཆེད་མཁས་པ་ཡང་བལ་བོའི་གནོད་ཐེབས་ས་ཁུལ་དུ་ཐོན་ནས། གནོད་ཐེབས་ས་ཁུལ་གྱི་གཟུགས་བརྙན་དང་། འཁོར་སྐར། ཆུ་དཔྱད་གཞི་གྲངས་སོགས་ཀྱི་ཆ་འཕྲིན་གལ་ཆེན་དུས་གཅིག་ཏུ་མཉམ་སྤྱོད་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།