ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་བཀོད་སྒྲིག་བྱས་པ་་ནས་བཟུང་། མཚོ་སྔོན་གྱིས་ཏན་ཏིག་སྒོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་ཞིང་། ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངེས་ཤེས་ཟབ་མོ་དང་དམ་འཛིན་བྱས་ཏེ། མགོ་རྩོམ་ས་མཐོ་ལ། རྩ་འཛུགས་གནད་དུ་ཁེལ་བ་བྱས་ཤིང་། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་མྱུར་དུ་འགུལ་སྐྱོད་བྱས་པ་དང་། ཚགས་དམ་པོར་ལག་བསྟར་བྱེད་པར་བརྟེན་ནས། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་གཞི་གཅིག་ཏུ་སྐུལ་འདེད་དང་མགོ་རྩོམ་པར་ཏན་ཏིག་བྱས།
ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་བཀའ་དང་བསྟུན་ནས་འགུལ་སྐྱོད་བྱས་ཤིང་། དུས་ཐོག་ཏུ་བོད་རྒྱ་སྐད་གཉིས་ཀྱི་བརྡ་སྦྱོར་སྤེལ་བ་དང་། རིག་ནུས་ཅན་གྱི་ཞུ་གཏུག་སྟེགས་བུ་དང་། ཡུལ་དངོས་ཞུ་གཏུག་ཁ་པར། ལས་སྒྲུབ་ཡིག་སྒམ་བཅས་སྤྱི་བསྒྲགས་བྱས་པ་དང་། ཁུངས་སྣེ་ལ་གསང་རྒྱ་དམ་པོ་དང་། ཞུ་གཏུག་བྱ་དགའ་སོགས་ཀྱི་ལམ་ལུགས་གསལ་བསྒྲགས་བྱས་ཏེ། མང་ཚོགས་ཀྱི་སེམས་ཁུར་མེད་པར་བཟོས། སྲིད་ཁྲིམས་ཉེན་རྟོག་པ་སྡེ་བར་ཕྱིན་ནས་ཁྱིམ་རེ་རེར་སོང་ཞིང་། ཞིང་སྡེའི་སྡེ་བ་སོ་སོར་ཟབ་ཞུགས་བྱས་ནས། མང་ཚོགས་ཀྱིས་ཞུ་གཏུག་ཐེར་འདོན་བྱེད་པར་སྐུལ་སློང་རྒྱ་ཆེར་བྱས་ཏེ། ནག་འབྲེལ་ངན་འབྲེལ་གྱི་ཁུངས་སྣེ་རེ་རེ་གཞི་རིམ་ནས་བསྡུ་རུབ་བྱས།
ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་དྲིལ་སྒྲོག་ཁྲིད་སྟོན་དེ། ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བའི་གཞི་འཛིན་ས་གཙོ་བོར་བཟུང་ཞིང་། དྲ་ཐོག་དང་ཡུལ་དངོས་གཞི་གཅིག་ཅན་གྱི་དྲིལ་སྒྲོག་འཐབ་ར་བསྐྲུན་པ་རེད། དྲ་ཐོག་ཏུ། ཞིང་ཆེན་དང་གྲོང་ཁྱེར། རྫོང་སྨྱན་སྦྱོར་ལྟེ་གནས་སྟེགས་བུ་དང་། སྲིད་དོན་སྨྱན་བྱད་གསར་བ། གཞི་རིམ་དྲ་མིག་སྡེ་ཚོགས་བཅས་སུ་དུས་མཉམ་དུ་སྲིད་ཇུས་སྒྲོག་འགྲེལ་དང་། དཔེ་མཚོན་གྱོད་གཞི། ཁྲིམས་ལུགས་ཁྱབ་གདལ་རྒྱུན་ཤེས་བཅས་སྤེལ་ཞིང་། བརྙན་ཐུང་དང་། པར་རིས་བརྡ་སྦྱོར་སོགས་ཀྱི་རྣམ་པ་བརྒྱུད་ནས་དྲིལ་སྒྲོག་དེ་དོན་ཐོག་ཏུ་འབབ་པར་བྱས། ཡུལ་དངོས་སུ། སྲིད་ཁྲིམས་ཉེན་རྟོག་པ་དང་། དྲ་མིག་པ། དང་བླངས་ཞབས་ཞུ་རུ་ཁག་བཅས་སྲང་ལམ་ཁྲོམ་ར་དང་། དགོན་སྡེ་ལྷ་ཁང་དུ་ཕྱིན་ནས། མང་ཚོགས་ཀྱིས་གོ་སླ་བའི་སྒོ་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལོག་སྤྱོད་རྩ་འཛུགས་ཀྱི་ཉེས་གསོག་བཅའ་ཁྲིམས》དྲིལ་སྒྲོག་བྱས་ཤིང་། ཟམ་མི་ཆད་པར་མང་ཚོགས་ལ་ནག་ཚོགས་ཀྱི་ཉེན་ཁ་ངོས་འཛིན་དང་། རང་འགུལ་གྱིས་ཁུངས་སྣེ་ཞུ་གཏུག་བྱེད་པའི་འདུ་ཤེས་དང་ནུས་པ་མཐོར་འདེགས་བྱས། སྡེ་ཁག་གི་མཉམ་སྒྲུབ་དང་། ཁོངས་གཏོགས་ས་ཁུལ་མཉམ་འགུལ་བྱེད་པའི་བྱ་སྒྲུབ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ལས་རིགས་གཙོ་སྐྱོང་དང་ཁོངས་གཏོགས་ས་གནས་ཀྱི་དོ་དམ་འགན་ཁུར་དངོས་འབེབས་བྱས་ཤིང་། སྤྱི་འདོམས་ཀྱིས་དྲིལ་སྒྲོག་ཐོན་ཁུངས་བགོ་སྒྲིག་བྱས་ནས། སྟོབས་ཤུགས་དོན་ཐོག་ཏུ་འབབ་པར་སྐུལ་འདེད་བྱས། ལས་ཁུངས་ཀྱི་ར་སྐོར་དང་། ཚོང་ཁྲོམ། བཟོ་གྲྭ་དང་སློབ་གྲྭ་སོགས་ས་ཁོངས་གལ་ཆེན་དག་ཏུ་བརྡ་སྦྱོར་སྦྱར་ཡིག་ཁེབས་སུ་བཅུག་ཅིང་། སྲིད་དོན་ཚོམས་ཆེན་དང་། དམངས་བདེ་ཞབས་ཞུ་ས་གནས་སུ་གློག་རྡུལ་བརྙན་ལས་བར་མེད་དུ་འགྲེམ་སྟོན་བྱས་པ་དང་། རྒྱུན་ཆད་མེད་པར་ཁྲིམས་དང་བསྟུན་ནས་དྲག་རྡུང་དང་། བཙན་སྟོབས་ཀྱིས་བཅོས་སྐྱོང་བྱེད་པའི་བརྡ་རྟགས་གསལ་བོར་བཏང་སྟེ། ནག་སེལ་ངན་འཇོམས་ཀྱི་དྲིལ་སྒྲོག་དེ་གང་སར་མཐོང་ཐུབ་པ་དང་། མི་ཚང་མས་ཤེས་ཐུབ་པར་བཏང་།
ཞིང་ཆེན་ནག་སེལ་ངན་འཇོམས་གཞུང་སྒྲུབ་ཁང་གིས་ཆེད་དོན་འཐབ་རྩོད་ལག་བསྟར་བྱེད་པའི་འཆར་གཞི་བཟོས་ཤིང་། བྱ་སྒྲུབ་ཆེད་དོན་ཚན་སྐོར་བཙུགས་ནས་དངོས་ཡོད་ཅན་དུ་སྤེལ་བ་དང་། མིག་མངས་འགྲིག་གཅིག་ཅན་གྱི་སྒོ་ནས་སྤེལ་བར་མཐའ་འཁྱོངས་བྱས། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་དམིགས་ནས། ཞིང་ཆེན་ཏང་ཨུ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་དང་མཉམ་འབྲེལ་བྱས་ཏེ། ཆེད་དོན་གྲལ་བཤེར་ཆེན་མོ་དང་བཅོས་སྐྱོང་ཆེན་མོ་བྱས། ཆོས་ལུགས་འབྲེལ་བ་རྙོག་འཛིང་དང་། གྱོད་དོན་མང་དུ་འབྱུང་བ། ཞུ་གཏུག་གྱོད་གཞི་མང་དུ་འདུས་པ། ཞིང་ཆེན་ས་མཚམས་ཀྱི་བཅོས་སྐྱོང་དཀའ་གནད་ཆེ་བའི་སྡེ་བ་དང་སྡེ་ཁུལ་ལ་དམ་པོར་དམིགས་ནས། གྲལ་བཤེར་བྱེད་པ་ཁྱོན་ཡོངས་སུ་ཁེབས་པ་དང་། དག་ཐེར་ལ་བཟོད་པ་སྤུ་ཙམ་མེད་པར་བྱས། རྡུང་རྡེག་གི་གྲི་རྩེ་གཞི་རིམ་གྱི་ལས་དོན་ལ་ལག་པ་བསྲིངས་མཁན་དང་། མང་ཚོགས་ལ་གཉའ་གནོན་བྱེད་པའི་སྡེ་བའི་གཏེ་བོ། ད་དུང་ཚུལ་མིན་ལོག་བཤད་ཁྲོམ་བསྒྲགས་བྱེད་མཁན། མང་ཚོགས་སྐུལ་སློབ་བྱས་ནས་གཞི་རིམ་བཅོས་སྐྱོང་ལ་ངོ་རྒོལ་བྱེད་པའི་ལོག་ཆོས་མི་སྣ་དག་ལ་གཏད་དེ། མཐའ་གཅིག་ཏུ་གཞི་རིམ་སྲིད་དབང་གི་བདེ་འཇགས་འགོག་སྲུང་སྲ་བསྟན་དུ་བཏང་།
ཆེད་དོན་འཐབ་རྩོད་རྒྱུན་ཆད་མེད་པར་ཟབ་སྤེལ་དངོས་སྤེལ་བྱས་པ་དང་བསྟུན་ནས། མཚོ་སྔོན་ཀྱི་ལས་བྱེད་མང་ཚོགས་ཀྱི་དོ་སྣང་དང་ཟབ་ཞུགས་བྱས་པའི་བརྩེ་སེམས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཏེ། དམངས་ཡོངས་ཀྱིས་ཤེས་པ་དང་། དམངས་ཡོངས་ཟབ་ཞུགས་བྱེད་པ། དམངས་ཡོངས་ཀྱིས་མཉམ་བཅོས་བྱེད་པའི་རྣམ་པ་བཟང་པོ་མྱུར་དུ་འགྲུབ་བཞིན་བཞིན་པའི་སྒང་རེད།