དོན་རྩ།
1.ཟླ8ཚེས26ཉིན་བོད་ལྗོངས་སྐྱིད་གྲོང་འགག་སྒོ་ཉེ་འགྲམ་དུ་སླར་ཡང་འདམ་རྡོ་ཉིལ་ཏེ། ཀྲུང་གོའི་ཕྱོགས་ནས་འགག་སྒོར་བརྒལ་བའི་འགྲོ་ལམ་དང་། འཕྲིན་གཏོང་། གློག་ཤུགས་བཅས་ཚང་མ་ཆད་པར་མ་ཟད། གནོད་ཐེབས་ཀྱི་མང་ཚོགས་བར་འབྲེལ་བ་བྱེད་ཐབས་མེད་པའི་གནས་ཚུལ་ཡང་ཐོན་ཡོད། དེ་ནི2025ལོའི་ཟླ7པར་ཀྲུང་གོའི་ཕྱོགས་གྱི་མི17གར་སོང་མི་ཤེས་པར་གྱུར་བ་དང་། མཛའ་མཐུན་ཟམ་པར་ཆུ་ལོག་དང་འདམ་རྡོ་ཉིལ་ནས་གཏོར་སྐྱོན་ཕོག་པའི་ལོ་གཅིག་ལྷག་ཙམ་འགོར་ནས་བྱུང་བ་ཡིན་པས། ཀྲུང་གོ་དང་ནེ་པ་ལའི་བགྲོད་ལམ་གལ་ཆེན་དེར་ཡང་བསྐྱར་ཆད་པ་རེད།
2. སྐྱིད་གྲོང་ལུང་རོང་ནི་ཧི་མ་ལ་ཡའི་ལྷོ་འདབས་ཆད་པའི་རྒྱུད་དུ་གནས་ཤིང་། སྤྱིའི་རིང་ཚད་ལ་སྤྱི་ལེ93ཡོད་པ་དང་། ངོས་ཀྱི་གཟར་ཚདསྨི2400ལས་བརྒལ་ཡོད། གཡང་གཟར་ཆེ་བའི་ལུང་རོང་དེར་བྲག་རི་དང་བྲག་རྡོའི་རྩ་བ་མི་བརྟན་ཞིང་། དེ་ལས་རྡོ་ཧྲུག་དང་རྡོ་ཆག ཟེགས་མ་བརྡོལ་བའི་ཁར། ཧིན་རྡུ་རྒྱ་མཚོ་ཆེན་པོའི་དྲོད་གཤེར་རླུང་རྒྱུན་གྱི་དབང་གིས་ཆར་ཆུ་འབབ་ཕྱོད་ཆེ། 2015ལོར་ནེ་པ་ལར(བལ་ཡུལ)བྱུང་བའི་ས་ཡོམ་ཆེན་པོས་རི་བོར་སྒུལ་སྐྱོམས་ཐེབས་པས། གནོད་འཚེ་འབྱུང་བ་ལ་ཡུན་རིང་རང་བཞིན་དང་རྗེས་ལུས་རང་བཞིན་ལྡན།
3.མཛའ་མཐུན་ཟམ་པའི་སྟོད་རྒྱུད་ཀྱི་ས་ཁོངས་སུ་འཁྱགས་རོམ་དང་མཚོ་མོ55ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་ཧ་ལམ་སྤྱི་ལེ་གྲུ་བཞི་མ3.39ཡོད། 2025ལོའི་གནོད་སྐྱོན་གྱིས་སྟོད་རྒྱུད་ཀྱི་འཁྱགས་རོམ་ཆད་ཅིང་མཚོ་ཤོར་བ་ལས་ཆུ་ལོག་བྱུང་བ་དང་། ཆུ་ལོག་རྒྱུག་ཤུགས་ཀྱིས་ས་ཡོམ་གྱིས་བརྒལ་བའི་རི་སོབ་མ་ཆད་རང་ཉིལ་བྱུང་བ་དང་། བྲག་ངོས་ནས་ཆར་ཆུ་བརྡོལ་ཞིང་ལུང་ཆུ་རྒྱས་པ་སོགས་ཀྱིས་ཆུ་ལོག་འདམ་ཉིལ་གྱི་གནོད་འཚེ་ལུ་གུ་རྒྱུད་དུ་བྱུང་བར་མཐུན་རྐྱེན་བསྐྲུན་ཡོད།
4. སྐྱིད་གྲོང་ལུང་རོང་ནི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་བལ་གནའ་ལམ་ཡིན་ལ། འགྲམ་འགག་སྒོ་གཏོར་སྐྱོན་ཐེབས་རྗེས་སུ་དེ་ནི་ཀྲུང་གོ་དང་ནེ་པ་ལའི་སྐམ་སའི་ཉོ་ཚོང་གི་འགན་ཁུར་བའི་རྒྱུ་ལམ་གལ་ཆེན་ཉག་ཅིག་ཡིན་པས། འགག་སྒོ་དེ་ཇི་ལྟར་གལ་ཆེ་ན་ཉེན་ཁ་དེ་ལྟར་ཆེ་ཡང་གུ་དོག་པའི་ལུང་རོང་དེར་མ་གཏོགས་བརྟེན་ས་གཞན་མེད། དེ་ནི་ཧི་མ་ལ་ཡ་ས་ཁུལ་འདིས་ཅིས་ཀྱང་གཡོལ་ཐབས་མེད་པའི་ས་གཤིས་ཀྱི་འགལ་བ་ཞིག་ཡིན་ལ། དུས་ཡུན་རིང་བོར་འགག་སྒོ་སླར་གསོའི་ནུས་པ་དང་མ་འོངས་པའི་རྒྱལ་ཁོངས་བརྒལ་བའི་འགྲིམ་འགྲུལ་འཛུགས་སྐྲུན་ཐད་ཀྱི་ཚོད་བགམ་ཞིག་ཀྱང་ཡིན་ངེས།
2026ལོའི་ཟླ8ཚེས26ཉིན་ཉིན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་བརྡ་ཁྱབ་མདོར་བསྡུས་ཤིག་སྤེལ་བ་སྟེ། སྐྱིད་གྲོང་འགག་སྒོའི་ཉེ་འགྲམ་དུ་སླར་ཡང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་བྱུང་སྟེ། ངེད་ཕྱོགས་ཀྱི་འགག་སྒོ་དུ་སྐྱོད་པའི་འགྲོ་ལམ་དང་། འཕྲིན་གཏོང་། གློག་ཤུགས་བཅས་ཚང་མ་ཆད་པས་ས་གནས་དེ་གའི་མིའི་བར་འབྲེལ་བ་བྱེད་མི་ཐུབ་པའི་གནས་ཚུལ་བྱུང་ཡོད་ཅེས་གནས་ཚུལ་སྤེལ་ཡོད་པ་རེད།
བརྡ་ཁྱབ་དེར་ཡིག་གྲངས་མང་པོ་མེད་ཅིང་། ཤི་རྨས་གྱི་གྲངས་འབོར་ད་དུང་སྨུག་རིམ་གྱིས་བཏུམས་འདུག་མོད། འོན་ཀྱང“ལམ་དང་བརྡ་འཕྲིན། གློག་ཤུགས་གསུམ་ཆད་པ”དེ་ལས་ཧི་མ་ལ་ཡའི་རི་བོའི་ལྷོ་འདབས་ན་ཡོད་པའི་སྐད་གྲགས་ཆེ་བའི་གྲོག་རོང་དེའི་འབྱུང་བ་འཁྲུགས་ནས་མིའི་རིགས་གྱིས་གཟི་བརྗིད་དུ་བརྩི་བའི་འགྲོ་ལམ་སླར་ཡང་བསྣུབས་པ་གསལ་བོར་ཤེས་ཐུབ།
གལ་སྲིད་ཧི་མ་ལ་ཡའི་རི་རྒྱུད་དེ་མཚོ་བོད་ས་མཐོ་དང་ཧིན་རྡུ(རྒྱ་གར)སྐམ་ས་ཆེན་པོ་ཕལ་བའི་དབར་འཕྲེད་དུ་བཅད་པའི་གྱང་ཆེན་པོ་ཞིག་ལ་དཔེ་བཞག་ཚེ། སྐྱིད་གྲོང་ལུང་ཤུར་ནི་གྱང་དེའི་སྟེང་གི་དྲང་ལ་གཏིང་ཟབ་པའི་གས་སྲུབས་ཅིག་རེད། དེ་བས་ལུང་རོང་གི་གནོད་འཚེ་དེ་ཤེས་དགོས་ན་དྲག་ཆར་ཐེངས་གཅིག་གམ་ཡང་ན་རི་ཉིལ་ཐེངས་གཅིག་ཁོ་ནར་བལྟས་པས་མི་ཆོག་པར་ངེས་པར་དུ་ས་གཤིས་གྲུབ་ཚུལ་གྱི་གཞི་རིམ་གཏན་ཚིགས་དང་། ལོ་ངོ་སྟོང་འདས་པའི་བགྲོད་ལམ་གྱི་ལོ་རྒྱུས་ཀྱི་ཕུགས། 2015ལོར་ས་ཁོངས་ཧྲིལ་པོའི་ས་གཤིས་ཆགས་སྟངས་བཟོ་བཅོས་བརྒྱབ་པའི་ས་ཡོམ་ཆེན་པོ་བཅས་ལ་ཕྱིར་བལྟ་བྱེད་དགོས།
ཧི་མ་ལ་ཡའི་གས་སྲུབས། ལྷོ་འདབས་ལུང་ཤུར་ཚོགས་ཀྱི་གཡོལ་ཐབས་མེད་པའི་ས་ཁམས་ཀྱི་ལས་དབང་།
ཧི་མ་ལ་ཡའི་རི་རྒྱུད་དེ་ཤར་ནུབ་སུ་སྤྱི་ལེ2450ཙམ་བརྐྱངས་ཡོད་ཅིང་། ཆ་སྙོམས་ས་བབ་སྨི6000བརྒལ་བ་ཡོད་པ་དང་། སའི་གོ་ལའི་ཐོག་བརྗིད་ཉམས་ཆེ་ཤོས་ཀྱི་བྲག་རིའི་མུ་ཁྱུད་ཆེན་པོ་ཞིག་རེད། ཡིན་ནའི་བྲག་རི་མུ་ཁྱུད་ཆེན་པོ་དེ་ནི་རླུང་མི་རྒྱུག་པའི་རྡོའི་གྱང་ཞིག་མ་ཡིན་ཏེ། ཧིན་རྡུ་རྒྱ་མཚོ་ཆེན་པོའི་བྲག་ལེབ་དང་ཡོ་རོབ་དང་ཨེ་ཤེ་ཡའི་བྲག་ལེབ་རྒྱུན་མཐུད་གདོང་ཐུག་བརྒྱབ་པ་ལས་བྱུང་བའི་སྲིད་པའི་ཤེད་ཤུགས་ཡ་མེད་འོག་རི་རྒྱུད་ཀྱི་ལྷོ་ངོས་གས་ཏེ་གྲོག་རོང་མང་པོ་ལྷོ་ནས་བྱང་ཕྱོགས་སུ་གཤགས་ཡོད་པ་རེད།
ལུང་རོང་དེ་དག་ཆེ་ཆུང་མི་འདྲ་ལ་རིང་ཐུང་ཡང་མི་འདྲ། ཀྲུང་གོའི་ཁོངས་སུ་འབབ་པའི་ཆུ་བོའི་འབབ་རྒྱུད་ཆ་ཚང་ལ་གཞིགས་ནས་ས་མཚམས་དབྱེ་ན། ཤར་ནས་ནུབ་ཏུ་རིམ་པ་བཞིན་དུ་མེ་ཏོག་ལུང་ཤུར་དང་། བྲག་རི་ལུང་ཤུར། ལེགས་པོ་ལུང་ཤུར། ལྷོ་བྲག་ལུང་ཤུར། གྲོ་མོ་ལུང་རོང་། ཁྲེན་ཐང་ལུང་རོང་། ཀརྨ་ལུང་རོང། འགྲམ་ལུང་རོང་། སྐྱིད་གྲོང་ལུང་ཤུར། སྤུ་ཧྲེང་ལུང་ཤུར། རྩ་མདའ་ལུང་པ་སོགས་ཡོད་ཅིང་། རིག་གཞུང་ལས་རིགས་དང་དམངས་ཁྲོད་དུ་དེ་ལ“ལུང་ཤུར་བཅུ་གཉིས”དང་། “ལུང་བ་བདུན” “ལུང་རོང་ལྔ”སོགས་ཀྱི་འབོད་ཚུལ་མི་འདྲ་བ་ཡོད།
ས་མཚམས་ཇི་ལྟར་དབྱེ་རུང་། ལུང་རོང་འདི་དག་གིས་ས་གཤིས་ཀྱི་གཞི་རྒྱུ་ཆ་ཚང་ཞིག་མཉམ་སྤྱོད་བྱེད་བཞིན་ཡོད་ཅིང་། དེ་དག་ནི་ཧིན་རྡུ་རྒྱ་མཚོ་ཆེན་པོའི་དྲོད་གཤེར་རླུང་རྒྱུན་བྱང་ཕྱོགས་སུ་སྐྱོད་པའི་རང་བྱུང་རྒྱུ་ལམ་དང་། ས་ཡོམ། རི་ཉིལ། འདམ་རྡོའི་ཆུ་རུད་བཅས་ཀྱི་འབྱུང་སྐྱེན་པའི་ས་ཁུལ་རེད།
ཧི་མ་ལ་ཡ་རི་རྒྱུད་ཀྱིས་བྱང་ཕྱོགས་སུ་སྐྱོད་པའི་ཆུ་རླངས་བཀག་པས། དྲག་ཏུ་འཕྱུར་པའི་སྤྲིན་གྱི་ཚོམ་བུ་དག་ཡར་འཕགས་པའི་བརྒྱུད་རིམ་ཁྲོད་ཆར་བབས་པ་དང་། མང་པོ་འདུས་པས་ཆུ་བོ་རུ་གྱུར་ཏེ་རི་བཟོའི་འགུལ་སྐྱོད་ཁྲོད་རི་གཟུགས་གས་སུ་གཤགས་པ་རེད།
ཧི་མ་ལ་ཡའི་བར་དུམ་དུ་ཡོད་པའི་སྐྱིད་གྲོང་ལུང་ཤུར་གྱི་ས་ཁམས་ཀྱི་དོན་སྙིང་གལ་ཆེ་ཤོས་ནི་མཚོ་བོད་ས་མཐོའི་དབུས་ཁུལ་ནས་ཨེ་ཤེ་ཡ་ལྷོ་མའི་དམའ་སར་སྐྱོད་པར་མཁོ་འདོན་བྱས་པའི་བགྲོད་ལམ་ཞིག་ཡིན། དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4200ཙམ་ན་ཡོད་པའི་རྫོང་དཀར་གྲོང་རྡལ་གྱི་ཉེ་འགྲམ་ནས་ལྷོ་ཕྱོགས་སུ་སྨི1800ལ་མི་ཟིན་པའི་རེ་སོ་གྲོང་ཚོའི་བར་བསྲིངས་ཡོད་ལ། ཧ་ལམ་སྤྱི་ལེ93ཙམ་ནང་ས་ངོས་གཟར་ཚད་སྨི2400བརྒལ་ཡོད། མཐོ་དམན་གྱི་ཁྱད་པར་ཆེན་པོའི་དབང་གིས་ཆུ་བོ་དང་། གཞུང་ལམ། འདུས་སྡེ་བཅས་ལུང་རོང་བརྒྱུད་ལྷོ་ཕྱོགས་སུ་ཆགས་ཡོད་པ་དང་། ལམ་རྒྱུད་ཀྱི་སྒྲིག་བཀོད་དག་ཀྱང་ལ་ངོས་གཟར་བོ་དང་། ཆུ་རྒྱུན་དྲག་འབབ། རི་ཁུལ་གྱི་གནོད་འཚེ་ཡི་ཤུགས་རྐྱེན་ཐེབས་སར་ལྷང་ངེར་མངོན་ནས་ཡོད།
སྐྱིད་གྲོང་ལུང་ཤུར་ནི་ལྷོ་ནས་བྱང་ཕྱོགས་ཀྱི་ས་གཤིས་རྒྱུད་དུ་ཆགས་ཤིང་། གཞོགས་གཉིས་ཀྱི་རི་ངོས་གཟར་ལ་གྲོག་རོང་གཏིང་ཟབ་པ། བྲག་རྡོ་དུམ་བུ་དང་རི་ངོས་སུ་བསགས་པའི་ས་རྡོ་སོགས་ཀྱིས་འདམ་རྡོའི་ཆུ་རུད་བྱུང་བ་ལ་དངོས་པའི་རྨང་གཞི་བསྐྲུན་ཡོད། ཆར་དུས་བསླེབས་རྗེས། ཧན་རྡི་རྒྱ་མཚོ་ཆེན་མོས་དྲོད་གཤེར་རླུང་རྒྱུན་ལུང་རོང་བརྒྱུད་དེ་བྱང་ཕྱོགས་སུ་བསྐྱོད་ཅིང་། ཆར་བ་ཡན་ལག་གི་ལུང་རོང་དང་ཆུ་ལམ་དུ་བབས་ནས་རི་ངོས་དང་བྲག་ངོས་ཆད་ཉིལ་བྱུང་བ་དང་ཆབས་ཅིག བརྟན་པོ་མིན་པའི་དངོས་པོ་སྟོད་ཕྱོགས་ནས་སྨད་ཕྱོགས་སུ་ཆུས་ཁུར་པ་སོགས་གནས་འདིའི་གནོད་སྐྱོན་ནི་ས་ཁམས་དང་། བྲག་རི། ཆུ་ཁུངས་སོགས་ཀྱིས་རྒྱུ་རྐྱེན་དུ་མས་གྲུབ་ཡོད་པས། ངེས་པར་སྣ་གཅིག་གི་སྟེང་དུ་འབབ་རྒྱུ་ཞེ་ན་ཁག་པོ་རེད།
ས་ཁམས་ཀྱི་ཆ་རྐྱེན་ཆ་ཚང་ཞིག་གིས་སྐྱིད་གྲོང་ལུང་ཤུར་ལ་མཚན་ཉིད་ཉིས་བརྩེགས་སྤྲད་ཡོད་པ་སྟེ། གཅིག་སྒོ་ཐེམ་ཅུང་དམའ་བ་དེ་ཡིན། དེ་ནི་ཧི་མ་ལ་ཡའི་ཕར་རྒྱབ་ཚུར་རོལ་འགྲོ་འོང་བྱེད་པའི་རང་བྱུང་གི་བགྲོད་ལམ་སྟབས་བདེ་ཞིག་ཡིན་པ་དང་། མཐོ་དམན་ཁྱད་པར་དང་ཧྲུག་ཧྲུག་ཏུ་གྱུར་པའི་བྲག་རི་དང་རི་ངོས་གཟར་པོས་འགྲོ་ལམ་དང་། འགག་སྒོ། ལམ་རྒྱུད་ཀྱི་འདུས་སྡེ་བཅས་ལ་གནོད་འཚེ་ཐེབས་པར་ཆ་རྐྱེན་བསྐྲུན་ཡོད་པས། བགྲོད་ལམ་གྱི་རིན་ཐང་ཇི་ཙམ་མཐོ་ན་དུས་ཡུན་རིང་བོར་ས་གཤིས་ཉེན་ཁར་ཁ་གཏད་གཅོག་པའི་གལ་འགངས་ཀྱང་དེ་ལྟར་ཆེ་བ་རེད།
སྐྱིད་གྲོང་ལུང་རོང་གཅིག་གིས་བོད་པའི་ལོ་རྒྱུས་ཀྱི་ཕྱེད་ཀ་ཟིན། བལ་བོད་གནའ་ལམ་ནས་རྒྱལ་སྒོའི་སྲོག་རྒྱུན།
སྐྱིད་གྲོང་ལུང་པའི་ལོ་རྒྱུས་ནི་རྫོང་དཀར་གྲོང་རྡལ་ཉེ་འགྲམ་གྱི་ཐང་རྒྱལ་རབས་ཀྱི་རྡོ་བརྐོས་ནས་བཤད་ཆོག སྤྱི་ལོ658ལོར་བརྐོས་པའི《ཐང་རྒྱལ་རབས་ཀྱི་རྒྱ་གར་དུ་མངགས་པའི་ཕོ་ཉའི་རྡོ་བྱང》ཞེས་པའི་ནང་ཐང་རྒྱལ་རབས་ཀྱི་ཕོ་ཉ་ཕྱི་དོན་དུ་རྒྱ་གར་དུ་ཕེབས་པའི་ལོ་རྒྱུས་བཀོད་ཡོད། དེ་ནི་བོད་ཀྱི་ད་ཡོད་ལོ་རབས་ཅུང་སྔ་བའི་རྒྱ་ཡིག་གི་རྡོ་བརྐོས་ཤིག་ཡིན་ལ། གནའ་རབས་ཀྲུང་གོས་མཚོ་བོད་ས་མཐོ་བརྒྱུད་ཨེ་ཤེ་ཡ་ལྷོ་མར་སྐྱོད་པའི་འགྲིམ་འགྲུལ་ལམ་ཐིག་ལ་བཞག་པའི་དངོས་པོས་དཔང་རྟགས་ཤིག་ཀྱང་རེད།
བགྲོད་ལམ་འདིའི་ཆགས་ཚུལ་བཤད་ན་བོད་བཙན་པོའི་དུས་སྐབས་ལ་གཏུགས་དགོས། དུས་རབས་བདུན་པར། ཐུ་བྷོད་དང་ཐང་རྒྱལ་རབས། ནེ་པ་ལ(བལ་ཡུལ)བཅས་ཀྱི་བར་དུ་ཆབ་སྲིད་ཀྱི་གཉེན་སྒྲིག་དང་མི་སྣ་འགྲོ་འོང་རིམ་བཞིན་ཇེ་མང་དུ་སོང་བས། དུས་དེ་ནས་ཀྲུང་ཡོན་དང་། བོད་ལྗོངས། ནེ་པ་ལ(བལ་ཡུལ)། རྒྱ་གར་བཅས་ཀྱི་འབྲེལ་ལམ་འདི་ཆགས་པ་རེད། སྐྱིད་གྲོང་ལུང་པ་ནི་བལྟོས་བཅས་ཀྱིས་ས་བབ་ཅུང་དམའ་བའི་ཉག་ག་དང་ལུང་རོང་གི་ལྷོ་བྱང་གི་ཕྱོགས་སུ་གཏད་ནས་ཡོད་པས། མི་དང་དངོས་ཟོག རིག་གནས་བཅས་ཧི་མ་ལ་ཡར་བརྒལ་སའི་ས་ཚིགས་གལ་ཆེན་ཞིག་ཡིན།
ཕྱིས་ཀྱི་ལོ་ངོ་བརྒྱ་ཕྲག་ཁ་ཤས་རིང་སྐྱིད་གྲོང་འགག་སྒོའི་བགྲོད་ལམ་གྱི་བྱེད་ནུས་ལ་འགྱུར་ལྡོག་ཡང་ཡང་བྱུང་། གནས་དེར་སློབ་དཔོན་པདྨ་འབྱུང་གནས་ཞབས་ཀྱིས་བཅགས་མྱོང་བའི་སྐོར་གྱི་ངག་རྒྱུན་ཡོད་པས། ཆོས་ལུགས་དར་ཁྱབ་ཀྱི་གོ་རིམ་ཁྲོད་དུའང་འགྲོ་ལམ་གྱི་དགེ་མཚན་ཤུགས་ཀྱིས་བསྟན་ཡོད། སྤྱི་ལོ་དུས་རབས11པ་ནས་དུས་རབས17པའི་བར་གུང་ཐང་གི་ས་གནས་སྲིད་དབང་གིས་སྐྱིད་གྲོང་ལ་བདག་བཟུང་བྱས་ཏེ། རྒྱལ་མཁར་སོགས་ཀྱི་གནའ་ཤུལ་བཞག་ཡོད། 1792ལོར་ཆིང་དམག་གིས་གོར་ཁའི་བཙན་འཛུལ་ལ་ཕར་རྒོལ་བྱས་པ་དང་ཆབས་ཅིག་ཏུ་བཞག་པའི་འབྲེལ་ཡོད་ཀྱི་བྲག་བརྐོས་དང་ལོ་རྒྱུས་རྗེས་ཤུལ་ནང་དུ། སྐྱིད་གྲོང་གི་མཐའ་མཚམས་འགོག་སྲུང་ཁྲོད་ཀྱི་གོ་བབ་ཟིན་ཐོར་བཀོད་ཡོད།
གཉེན་བསུ་དང་། ཆོས་སྤེལ། དམག་དོན། ཉོ་ཚོང་སོགས་ཀྱི་བྱེད་སྒོ་མི་འདྲ་བ་སྔ་རྗེས་སུ་ལུང་པ་འདི་བརྒྱུད་ནས་སྤེལ་བས། སྐྱིད་གྲོང་ལུང་རོང་གི་ལོ་རྒྱུས་དེ་དོན་རྐྱེན་གལ་ཆེན་གང་མང་མང་ཞིག་ལ་རག་ལས་བར་མ་ཟད། ཐོག་མཐའ་བར་གསུམ་དུ་ས་མཐོའི་ཕྱི་ནང་སྦྲེལ་མཐུད་བྱེད་པའི་ཁག་ཁུར་གྱི་ནུས་པ་ལའང་རག་ལས། ད་ཆའི་སྐྱིད་གྲོང་འགག་སྒོ་དང་ལོ་ངོ་སྟོང་གི་བགྲོད་ལམ་དེ་ནི་ཏག་ཏག་དེ་ལྟ་བུའི་དེང་རབས་འགྲིམ་འགྲུལ་དང་མཐའ་མཚམས་ཚོང་དོན་མ་ལག་ཁྲོད་ནས་རྒྱུན་བསྐྱངས་པ་ཞིག་རེད།
དེང་རབས་སུ་བསླེབས་རྗེས། སྐྱིད་གྲོང་གི་འཐབ་ཇུས་གོ་གནས་དེ་གནོད་འཚེ་གཞན་ཞིག་གི་དབང་གིས་མགྱོགས་མྱུར་ངང་ཇེ་མཐོར་སོང་། 2015ལོར་ནེ་པ་ལ(བལ་ཡུལ)ལ་ས་ཡོམ་ཆེན་པོ་བརྒྱབ་རྗེས། ཀྲུང་ནེ་སྐམ་ལམ་ཉོ་ཚོང་གྱི་བགྲོད་ལམ་གཙོ་བོའི་འགན་ཁུར་བའི་འགྲམ་འགག་སྒོ་ཡང་གཏོར་བརླག་ཚབས་ཆེན་ཐེབས་པར་བརྟེན་སྒོ་བརྒྱབ་པས། སྐྱིད་གྲོང་འགག་སྒོས་ནེ་པ་ལའི་ཉོ་ཚོང་གི་འགན་ནུས་མང་ཆེ་བ་དང་ལེན་མི་བྱེད་ཐབས་མེད་བྱུང་ཡོད།
2024ལོར་སྐྱིད་གྲོང་འགག་སྒོ་ནས་ཕྱིར་གཏོང་ནང་འདྲེན་བྱས་པའི་དངོས་ཟོག་ཉོ་ཚོང་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་42.48ཟིན་ཞིང་། དེས་ཀྲུང་གོ་དང་ནེ་པ་ལའི་ཉོ་འཚོང་སྤྱི་འབོར་ཀྱི་བཅུ་ཆའི་གསུམ་ཙམ་བཟུང་ནས་བོད་ཀྱི་འགག་སྒོ་ཁག་གི་ཨང་དང་པོར་བསླེབས་ཡོད།
རྒྱལ་ཁབ་དབར་གྱི་དཔལ་འབྱོར་སྲོག་རྩ་ཐེག་པའི“བགྲོད་ལམ་ཡག་ཤོས”དེ་ས་གཤིས་གས་ཆད་དུ་ཤོར་བའི་རྒྱུད་ཀྱི་གུ་དོག་པའི་ལུང་རོང་དུ་བསྐྱར་ན། ས་ཡོམ་གྱིས་བརྒལ་བའི་རི་རྒྱུད་དེ་ཐད་ཀར་རྒྱལ་ཁབ་ཀྱི་ཚད་ཐིག་ལྟར་བསྐྲུན་པའི་བགྲོད་ལམ་བདེ་འཇགས་ཀྱི་ཉེན་ཁ་ཞིག་ཏུ་གྱུར་ཡོད།
2015ལོའི་ས་ཡོམ་ནི་ས་གཤིས་ཆགས་སྟངས་བསྒྱུར་བའི་དཀྱོགས་མཚམས་ཤིག་རེད།
སྐྱིད་གྲོང་ལུང་ཤུར་དེ་ཉེ་བའི་ལོ་ཤས་རིང་གནོད་འཚེ་ཐོན་མང་བའི་དུས་སྐབས་སུ་སླེབས་པའི་རྒྱུ་མཚན་ཤེས་དགོས་ན་ངེས་པར་དུ2015ལོའི་ཟླ་4ཚེས་25ཉིན་གྱི་ཉིན་གྱི་ཕྱི་དྲོ་དེར་ལོག་དགོས། ཉིན་དེའི་དུས་ཚོད14དང་སྐར་མ11སྟེང་ལ་ནེ་པ་ལ(བལ་ཡུལ)ཡི་པོ་ཁེ་ལ་གྲོང་ཁྱེར་དུ་རིམ་པ8.1གི་ས་ཡོམ་ཆེན་པོ་བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ20ཡོད་པ་དང་། ཡོམ་ཁུངས་ནས་སྐྱིད་ལུང་གྲོང་རྡལ་བར་གྱི་དྲང་ཐིག་གི་བར་ཐག་སྤྱི་ལེ43ཙམ་ལས་མེད་པ་རེད།
ས་ཡོམ་ཆེན་པོ་དེས་ནེ་པ་ལ(བལ་ཡུལ)དང་། རྒྱ་གར (ཧིན་རྡུ) ། ཀྲུང་གོ སོགས་ས་ཁུལ་གྱི་མི7500ལྷག་ཙམ་ལ་ཤི་རྨས་བཟོས་པ་མ་ཟད། ཧི་མ་ལ་ཡའི་རི་ཁུལ་གྱི་བྲག་རི་བརྟན་ལྷིང་རང་བཞིན་ལ་བརྒྱུད་རིམ་རང་བཞིན་དང་གཏིང་ཟབ་པའི་གཏོར་བཤིག་ཆེན་པོ་ཕོག་ཡོད།
ས་ཡོམ་བརྒྱབ་རྗེས་ཀྱི་ཡུལ་དངོས་རྩད་ཞིབ་ཟིན་ཐོ་ལས་མངོན་པར་གཞིགས་ན། སྐྱིད་གྲོང་གྲོང་རྡལ་ལྷོ་རྒྱུད་ཀྱི་ཁྲོམ་གཟིགས་གྲོང་ཚོའི་རི་ཉིལ་ཁྲོད་ཀྲུང་གོ་དང་ནེ་པ་ལའི་གཞུང་ལམ་ལ་གཏོར་སྐྱོན་ཕོག་པ་དང་། བྱང་རྒྱུད་ཀྱི“དཔའ་ལུང་གོང་མ”ཡི་འདམ་རྡོའི་ཆུ་རུད་ཀྱིས་གྲོང་རྡལ་དང་རྫོང་གི་འགྲོ་ལམ་བཀག ས་གནས་དེ་གར་ས་གས་རི་རྡིབ་དང་། རི་ཉིལ། འདམ་རྡོའི་ཆུ་རུད་བཅས་ཀྱི་གནོད་འཚེའི་ཉེན་ཁ་ཆེན་པོ་བྱུང་།
ཀྲུང་གོ་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཀའོ་ཧྥུན་དང་པོའི་འཁོར་སྐར་འགྲེལ་སྒྱུར་བརྒྱུད་དེ་འཚོལ་ཞིབ་བྱེད་དུས། ནེ་པ་ལ(བལ་ཡུལ)Rasuwaས་ཁུལ་གྱི་ཀྲུང་ནེ་གཞུང་ལམ་བརྒྱུད་སྐྱིད་ལུང་འགག་སྒོ་ཕྱོགས་ཀྱི་རི་ལུང་གཞོགས་གཉིས་ཀྱི་རི་ལྡེབས་མང་པོ་ཉིལ་ཡོད་པ་དང་། རི་ཉིལ་ཆེན་པོ་བརྒྱབ་སར་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ0.3ཙམ་གྱི་མཚེའུ་ཞིག་ཆགས་ཡོད་པ་རེད།
རྒྱང་ཚོར་ཀྱི་གྲངས་གཞི་དེ་དག་ལས་གདུག་རྩུབ་ཆེ་བའི་དོན་དངོས་ཤིག་གསལ་སྟོན་བྱས་པ་སྟེ། 2015ལོའི་ས་ཡོམ་གྱིས་ནུས་ཤུགས་ཡོང་རྫོགས་མ་བཏོན་པར་ས་གཤིས་གྲུབ་ཆའི་ཐད་གྲ་སྒྲིག་བྱེད་པའི“འཁྲབ་སྟོན”ཞིག་དང་འདྲ་བར་བྲག་གཟུགས་འབོར་ཆེན་སྒུལ་ཞིང་གས་གཏོར་ཐེབས་པས། ཕྱིས་ཀྱི་ལོ་མང་རིང་གི་འདམ་རྡོའི་ཆུ་རུད་ལ་ཚད་མེད་པ་ལྟ་བུའི་སྲ་གཟུགས་ཀྱི་དངོས་རྫས་འབྱུང་ཁུངས་མཁོ་འདོན་བྱས་པ་རེད།
དེ་བས་ཉེན་ཁ་ནི་ལུང་རོང་གྱི་སྟོད་རྒྱུད་དུ་དཔྱངས་པའི་འཁྱགས་མཚོ་རེད། ཁྲེང་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་ས་གཤིས་གནོད་འཚེ་འགོག་བཅོས་དང་ས་གཤིས་ཁོར་ཡུག་སྲུང་སྐྱོབ་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་གི་རྒྱང་ཚོར་གྱིས་དབྱེ་ཞིབ་བྱས་ནས་མཛའ་གྲོགས་ཟམ་པའི་སྟོད་རྒྱུད་འབབ་རྒྱུད་དུ་འཁྱགས་མཚོ་55ཡོད་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ3.39ཙམ་ཡོད་པ་རེད།
འཁྱགས་མཚོ་དེ་དག་ནི་འཁྱགས་ཀླུང་ཕྱིར་འཁུམ་གྱི་བརྒྱུད་རིམ་ཁྲོད་དར་སྙིགས་རགས་གྱི་སྐོར་སྐྱིལ་འོག་ཆགས་པའི་རང་བྱུང་ཆུ་མཛོད་ཡིན་པ་དང་། ཆུ་རགས་དེ་རྡོ་ཧྲུག་ཐར་ཐོར་ལས་གྲུབ་པ་དང་བརྟན་བརླིང་རང་བཞིན་ཧ་ཅང་ཞན་པ་རེད། གོ་ལ་ཧྲིལ་པོའི་དྲོད་ཚད་མཐོ་རུ་འགྲོ་བའི་རྒྱབ་ལྗོངས་འོག་གངས་འཁྱགས་ཞུ་མགྱོགས་སུ་ཕྱིན་པ་དང་གངས་ཆུ་ངམ་ཡང་ན་དྲག་ཆར་གི་སྦངས་གཤེར་འབུ་འོག་དར་སྙིགས་གྱི་རགས་དུས་དང་རྣམ་པ་ཀུན་ཏུ་ཐོར་སྲིད་པ་རེད
འཁྱགས་མཚོ55དང་། སྤྱི་ལེ་གྲུ་བཞི་མ3.39ཡི་གྲངས་གཞི་དེ་དག་ལས་སྐྱིད་གྲོང་འགག་སྒོའི་མགོ་ཐོག་ཏུ་འཁྱགས་རོམ་དང་། རྡོ་ཧྲུག གངས་ཆབ་ཀྱིས་གྲུབ་པའི་རྫས་མདེལ་མཛོད་ཁང་ཞིག་ཡིན་པ་མཚོན།
2015ལོར་ས་ཡོམ་གྱིས་རི་བོ་སྒུལ་ཞིང་། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་འགྱུར་གྱི་འགྲོས་ཀྱིས་འཁྱགས་རོམ་ཞུ་ཚད་ཇེ་མགྱོགས་ཕྱིན་ནས་གོ་ལ་ཧྲིལ་པོར་ཕུན་སུམ་ཚོགས་པའི་ཆུ་རླངས་མཁོ་འདོན་བྱས་པ་དང་། དུས་ཚིགས་ཀྱི་དྲག་ཆར་དང་ཆར་རླུང་གིས་འབྱུང་བ་འཁྲུགས་པར་གོ་སྐབས་སྤྲད་པ་བཅས་རྒྱུ་རྐྱེན་དེ་གསུམ་ལ་བརྟེན་ནས་སྐྱིད་གྲོང་ལུང་ཤུར་དུ“འཆི་བ་ཟུར་གསུམ”གྱི་འབྱུང་བའི་གནོད་འཚེ་འདི་བྱུང་བ་རེད།
2025ལོའི་ཟླ7པའི་ཚེས8ཉིན་ནི་འཁྱགས་རོམ་གྱི་རགས་ཁ་ཤོར་བའི་འབྲེལ་མང་གནོད་འཚེ་ཞིག་ཡིན།
2025ལོའི་ཟླ7པའི་ཚེས8ཉིན་ཉིན་གྱི་ཐོ་རེངས་ཆུ་ཚོད5པ་ཙམ་ལ“འཆི་བའི་ཟུར་གསུམ” དུ་དོམ་གླིང་གཙང་པོའི་ཆུ་བོ་དྲག་ཏུ་རྒྱས་ནས་བྱེ་འདམ་དང་། རྡོ་ཟེགས། རྡོ་ཧྲུག ཤིང་སྡོང་བཅས་འབོར་ཆེན་འཁུར། དེ་ནི་སྤྱིར་བཏང་གི་ཆུ་ལོག་ཞིག་མ་ཡིན་པར་འཁྱགས་ཀླུང་ངོས་སུ་འཁྱིལ་བའི་མཚེའུ་ཤོར་བར་བརྟེན་ནས་བྱུང་བའི་གནོད་འཚེ་ཞིག་རེད། ཁྲེང་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱིས་ཕྱིས་སུ་ཆེད་ལས་ཀྱིས་དབྱེ་ཞིབ་བྱས་ཏེ་ལས་གནོད་སྐྱོན་གྱི་འབྲེལ་རྒྱུན་གསལ་པོ་ཞིག་བཏོན་བྱུང་བ་ནི། ཕུ་རིའི་ཕུ་གཙང་པོ་སྟོད་རྒྱུད་གྱི་འཁྱགས་རོམ་ཁྲོད་འཁྱིལ་བའི་མཚེའུ་རགས་ཤོར་དང་ཆབས་ཅིག་དྲག་ཏུ་འབྱོ་བ་དྲང་ཐད་དུ2015ལོར་ས་ཡོམ་རྒྱབ་ནས་སྒུལ་སྐྱོམ་ཐེབས་པའི་བྲག་རི་དང་རྡོ་ཧྲུག་ཆུའི་རླབས་ཤུགས་ཀྱིས་དེད་དེ། སྤྱིར་བཏང་གི་རི་ཉིལ་ཆུ་ལོག་ལས་རིང་དུ་བརྒལ་བའི་གཏོར་བཤིག་ཚབས་ཆེན་བཟོས། མཛའ་མཐུན་ཟམ་པའི་གོང་སྟོད་གྱི་འབབ་རྒྱུད་དུ་ཡོད་པའི་འཁྱགས་མཚོ55ལས་གཅིག་གམ་དུ་མ་ཚ་དྲོད་ཀྱིས་ཞུ་བའམ་དྲག་ཆར་གྱིས་དབང་གིས་རགས་ཁ་ཤོར་ཚེ། སྨད་རྒྱུད་ལ་གནོད་ཚབས་ཆེ་བའི་ཆུ་ལོག་འབྱུང་ངེས་པ་གདོན་མི་ཟ།
རང་བྱུང་གི་འཇིག་པས་བློས་དཔག་དཀའ་བའི་གྱོད་གུད་ཆེན་པོ་ཕོག རགས་རྩིས་བྱས་པ་ལྟར་ན། འདམ་རྡོའི་ཆུ་རུད་ཀྱིས་ཀྲུང་གོའི་ཕྱོགས་ཀྱི་མི11གར་སོང་མ་རྙེད་པ་དང་། ནེ་པ་ལ(བལ་ཡུལ)ཡི་ཕྱོགས་སུ་ཀྲུང་གོ་བའི་ལས་མི6གར་སོང་མ་རྙེད་པས་ཁྱོན་མི17གྱི་འབྲེལ་ཆད་ཡོད་པ་རེད།
ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་ཀྱི་མཛའ་མཐུན་ཟམ་པ(རེ་སུའོ་ཟམ་པ)དེ་ཡང་ཆུ་ལོག་ཁྲོད་རྡིབ་པས་རྒྱལ་ཁབ་གཉིས་པོའི་སྐམ་ལམ་གྱི་ཉོ་ཚོང་རྒྱུ་ལམ་གྱི་འགག་སྒོ་གལ་ཆེན་སྐེ་བཅད་པ་ལྟར་ཆད་དེ། ལོ་ཕྱེད་ཙམ་ལ་འགྲོ་འོང་གི་མཚམས་འཇོག་མི་བྱེད་ཀ་མེད་བྱུང་། 2026ལོའི་ཟླ1པོའི་ཚེས1ཉིན་ལ་ངར་ལྕགས་ཀྱིས་བསླངས་པའི་ཟམ་པ་ལས་མཇུག་འགྲིལ་རྗེས་གཞི་ནས་ཉོ་ཚོང་འགྲོ་འོང་གནས་སྐབས་སླར་གསོ་བྱས།
2024ལོར་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར42.48ཟིན་པ་དང་། ཀྲུང་གོ་དང་ནེ་པ་ལའི་ཉོ་ཚོང་གི་བཅུ་ཆའི་གསུམ་ཟིན། དེ་ལྟ་བུའི་སྐྱིད་གྲོང་འགག་སྒོར་མཚོན་ན། ལོ་ཕྱེད་ཀྱི་ས་ཆད་ལམ་ཆད་ཀྱི་དུས་ཡུན་ནི་དཔལ་འབྱོར་གྱོང་གུན་ཞིག་ཡིན་པར་མ་ཟད། རྒྱལ་ཁབ་ཀྱི་བགྲོད་ལམ་བདེ་འཇགས་ཐད་ལ་བཏོན་པའི་གདུག་རྩུབ་ཆེ་བའི་དྲན་སྐུལ་ཞིག་ཀྱང་རེད།
2026ལོའི་ཟླ8ཚེས26ཉིན་ཏེ་ཆར་དུས་མ་རྫོགས་པའི་ཉེན་བརྡ།
ལོ་གཅིག་དང་ཉིན་བཞི་བཅུ་ཞེ་དགུ་འདས་རྗེས་ཀྱི2026ལོའི་ཟླ8ཚེས26ཉིན་སྐྱིད་གྲོང་འགག་སྒོའི་ཉེ་འགྲམ་དུ་སླར་ཡང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་བྱུང་བའི་གནས་ཚུལ་མདོར་བསྡུས་ཤིག་གྲགས་བྱུང་། འགྲོ་ལམ་དང་། འཕྲིན་གཏོང་གློག་ཤུགས་བཅས་ཆད་པས། ཤི་རྨས་གྱི་གནས་ཚུལ་ཤེས་དཀའ་ལ། རོགས་སྐྱོབ་ཀྱི་གནས་ཚུལ་ཀྱང་ཕྱིར་སྒྲོག་དཀའ་བར་གྱུར་ཡོད།
2025ལོའི་ཟླ7པའི་ཚེས8ཉིན་བྱུང་བའི་གནོད་འཚེ་ཁྲོད་ཤི་རྨས་ཀྱི་གྲངས་གཞི་གསལ་པོ་ཡོད་ལ། ཆེད་ལས་གྱི་རྒྱང་ཚོར་དབྱེ་ཞིབ་དང་། སྨྱན་སྦྱོར་ཚན་པ་མང་པོས་འབྲེལ་ཡོད་ཀྱི་གནས་ཚུལ་གཅིག་རྗེས་གཉིས་འཕྲོར་སྤེལ་བའི་ཚུལ་དང་བསྡུར་ན། ད་ཐེངས་ཀྱི་རི་ཉིལ་ཆུ་ལོག་གི་ཆ་འཕྲིན་ཧ་ཅང་ཉུང་། དེས་ཏག་ཏག་གནོད་འཚེ་ཡི་ཚབས་ཆེན་རང་བཞིན་གསལ་བཤད་བྱས་ཡོད། འཕྲིན་གཏོང་དང་འགྲོ་ལམ་དུས་གཅིག་ཏུ་ཆད་པའི་ཆ་རྐྱེན་འོག་གནོད་འཚེ་ཕོག་ཁུལ་གྱི་དངོས་ཡོད་གནས་ཚུལ་བསྒྲགས་པའི་ཉུང་ཤས་ལས་ཛ་དྲག་གི་ཚད་ཧ་ལམ་ཤེས་ཐུབ།ཡུལ་གཅིག་དང་དུས་ཚིགས་གཅིག་གི་ནང་དུ་གནོད་འཚེ་ཐེངས་གཉིས་ཀྱིས་ས་ཁམས་ཀྱི་ནང་རྐྱེན་ཆ་ཚང་ཞིག་མཉམ་དུ་སྤྱད་པ་ནི་སྤྱིར་བཏང་གི་ལོ་རྒྱུས་བསྐྱར་ཟློས་ཤིག་ཡིན་མ་ཡིན་པར་སྐྱིད་གྲོང་ལུང་ཤུར་དེ་ས་གཤིས་འཁྲུག་པོར་འགྱུར་བའི་དུས་གསར་པ་ཞིག་ཏུ་བསླེབས་པའི་བརྡ་རྟགས་ཞིག་རེད།
2015ལོར་ས་ཡོམ་གྱིས་བྲག་གཟུགས་ལ་གཏོར་བཤིག་བཏང་བར་ཡུན་རིང་རང་བཞིན་དང་རྗེས་ལུས་རང་བཞིན་ལྡན་ཡོད་པས་ས་ཡོམ་གྱི་སྒུལ་བའི་རི་གཟུགས་དེ་ལོ་ཁ་ཤས་དང་ཐ་ན་ལོ་བཅུ་ཕྲག་ཁ་ཤས་འགོར་ན་ད་གཟོད་གཞི་ནས་བརྟན་ལྷིང་ཡོང་ཐུབ། དེ་དང་ཆབས་ཅིག་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་འགྱུར་བའི་རྒྱབ་ལྗོངས་འོག་མཚོ་བོད་ས་མཐོའི་འཁྱགས་རོམ་ཇེ་ཆུང་དུ་འགྲོ་བའི་འགྲོས་ཇེ་མགྱོགས་ཡིན་པ་དང་།འཁྱགས་མཚོའི་རགས་ཁ་ཤོར་བའི་ཉེན་ཁ་ཇེ་ཆེ་ནས་ཇེ་ཆེ་ཡིན་པ་མ་ཟད། དུས་ཚིགས་ཀྱི་ཆར་རླུང་དང་དྲག་ཆར་འབབ་ཚད་ལོ་རེར་ཇེ་མང་དུ་ཕྱིན་ཡོད་པ་རེད།མཛའ་གྲོགས་ཟམ་པའི་སྟོད་རྒྱུད་དུ་འཁྱགས་མཚོ53(ཡང་ན་དེ་ལས་མང་)སྔར་བཞིན་འཁྱིལ་ཡོད་ཅིང་། 2015ལོའི་ས་ཡོམ་གྱིས་སྒུལ་བའི་བྲག་རི་སྔར་བཞིན་ཆར་ཆུས་སྦངས་པའི་ཁྲོད་སིལ་བུར་ཐོར་པའི་སྐབས་འདིར་སྐྱིད་གྲོང་གི་ཆར་དུས་ད་དུང་མཇུག་སྒྲིལ་མེད།
ས་ཁམས་ཀྱི་འགལ་འདུ། ཉེན་ཁ་ཆེས་ཆེ་སར་འགག་སྒོ་གལ་ཆེན་བསྐྲུན།
མིའི་རིགས་ཀྱིས“ཉེན་ཁ་ཆེས་ཆེ་བའི་སར” “ཆེས་གལ་ཆེ་བའི་འགག་སྒོ་བསྐྲུན་པ”ནི་ཧི་མ་ལ་ཡའི་རི་ཁུལ་ལས་མཐའ་མཚམས་ཆབ་སྲིད་དང་ས་གཤིས་ཆགས་སྟངས་བར་ནམ་ཡང་ཐག་གཅོད་ཐུབ་བྲལ་བའི་འགལ་འདུ་དེ་རེད།
གྲོ་མོ་ལུང་རོང་ལ“ཧི་མ་ལ་ཡའི་གས་སྲུབས”སུ་གྲགས་ལ། ཆུ་བོ་ལྔ་འབབ་པའི་ལུང་རོང་ཆེ་ཤོས་དེ་ཡིན། ཧན་རྡུ་རྒྱ་མཚོ་ཆེན་མོའི་དྲོད་རླངས་དེ་ལུང་རོང་དེ་བརྒྱུད་དེ་རྒྱལ་རྩེ་དང་། པ་སྣམ་གྱི་རྒྱུད་དུ་བབས་ནས་བོད་ལྗོངས་ཀྱི་འབྲི་མཛོད་ཆེན་པོ་བསྐྲུན།
འགྲམ་འགག་སྒོ་ནི་ཀྲུང་གོའི་ལྗོངས་གཟིགས་ལམ་ཆེན་རྒྱལ་ལམ318གྱི་མཇུག་ཡིན། 2015ལོར་ས་ཡོམ་བྱུང་རྗེས་སྒོ་བརྒྱབ།སྐྱིད་གྲོང་ལུང་རོང་ནི་འགྲམ་འགག་སྒོ་བརྒྱབ་རྗེས་སུ་ཀྲུང་ནེ་སྐམ་ལམ་ཉོ་འཚོང་འགྲོ་འོང་གི་འགན་ཡོངས་སུ་འཁུར་བའི་ལམ་གཙོ་བོ་གྱུར།
རིག་གཞུང་ཞིབ་འཇུག་ལྟར་ན། ཧི་མ་ལ་ཡའི་ས་ཁུལ་གྱི་འདམ་རྡོའི་ཆུ་རུད་ནི་གཙོ་བོ་ས་རིམ་ཆད་ས་ནས་ལེ་དབར8ཁོངས་སུ་ཡོད་ཅིང་། སྐྱིད་གྲོང་འགག་སྒོ་ནི་ཏག་ཏག་ས་གཤིས་ཆད་པའི་རྒྱུད་དུ་ཆགས་ཡོད།
མ་འོངས་པར་ཀྲུང་ནེ་རྒྱལ་མཚམས་བརྒལ་བའི་ལྕགས་ལམ་གྱི་ལྟ་ཞིབ་ཚད་ལེན་དང་འཛུགས་སྐྲུན་དེ་ས་གཤིས་ཀྱི་ཆག་འཇིག་ཆེན་པོ་ཞིག་ལ་འཕྲད་ཡོད། འཁྱགས་རོམ་ཇེ་ཆུང་དང་། འཁྱགས་ས་ཞུ་བ། ས་ཡོམ་གྱི་ཡོམ་འཕྲོ། དུས་ཚིགས་ཀྱི་ཆར་རླུང་ལ་སོགས་རྐྱེན་དུ་མའི་མདུན་དུ་ལོ་རྒྱུས་ཀྱི་གཞི་གྲངས་དང་གནོད་སྐྱོན་སྔོན་དཔག་དང་ཚད་འཇལ་གང་ཡིན་རུང་ནུས་པ་ཤོར་སྲིད།
འཇུག་བསྡུ་བའི་གཏམ། ས་ཁམས་ཀྱི་ལས་དབང་དང་ལོ་ངོ་སྟོང་གི་བགྲོད་ལམ།
སྐྱིད་གྲོང་གི་ལུང་པ་འདི་བོད་ལྗོངས་ཀྱི་མཐོང་དཀོན་པའི་ས་བབ་དམའ་ཤོས་ཏེ་མཚོ་འཕགས་སྨི2800ན་ཡོད་ཅིང་། མིའི་འཚོ་སྡོད་ལ་ཧ་ཅང་འཚམ་པའི་གྲོང་རྡལ་ཞིག་ཡིན་པ་དང་། རྩྭ་དང་རྩི་ཤིང་ལྗོན་པ་སོགས་འདབ་ལོ་ཚིང་ཚིང་འཁྲུག་ལ། གངས་རིའི་མུ་ཁྱུད་ཀྱིས་བསྐོར་བས“ཇོ་མོ་གླམ་མའི་དགའ་ཚལ”དུ་འབོད།
ཡིན་ན་ཡང་བདེ་སྐྱིད་དེ་ས་ཁམས་ཀྱི་ཉེན་ཁ་ཆེན་པོའི་སྟེང་དུ་བསྐྲུན་ཡོད་པས། དྲོད་གཤེར་ཇི་ལྟར་ཆེ་ཞིང་།སྐྱེ་སྟོབས་ཇི་ལྟར་རྒྱས་ན། ཧན་རྡུ་རྒྱ་མཚོ་ཆེན་མོའི་ཆུ་རླངས་ལུང་རོང་དེ་བརྒྱུད་ནས་ཡོང་དུས། གར་སྟབས་ཀྱི་རོལ་རྩེད་གང་དགར་བསྒྱུར་བ་དང་བསྒྱུར་ཐེངས་རེར་འདམ་རྡོའི་ཆུ་རུད་ཀྱི་གད་རྒྱང་ཆེན་པོ་ཞིག་སྒྲོག་སྲིད།
སྤྱི་ལོ་དུས་རབས633ལོར་བལ་བཟའ་ཁྲི་བཙུན་གྱི་ཕོ་ཉའི་དཔུང་གནས་འདིར་བཤར་བ་ནས1792ལོར་ཧྥུ་ཁང་ཨན་གྱི་སྐྱ་དམག་གནས་འདིར་བརྒྱུད་པའི་བར་དང་། དེ་ནས་ད་ལྟའི་ཟོང་འདྲེན་རླངས་འཁོར་དང་རྒྱལ་ཁོངས་བརྒལ་བའི་ལྕགས་ལམ་གྱི་ལྟ་ཞིབ་ཚད་ལེན་དཔུང་སྡེ་ཡི་བར་དུ། མིའི་རིགས་ལུང་པ་འདིར་བརྒྱུད་ནས་ལོ་ངོ་སྟོང་ཕྲག་ལྷག་ཕྱིན་ན་ཡང་། མཐའ་མར་ལམ་གཡར་བ་དང་ཁོ་ན་ལས་མ་འདས།
བདག་པོ་ངོ་མ་ནི་ཧི་མ་ལ་ཡའི་ལྷོ་བྱང་ཕྱོགས་སུ་རིམ་གྱིས་འབྱུང་བཞིན་པའི་གས་ཆད་ཀྱི་ས་ཁམས་དང་། འཁྱགས་རོམ་གྱི་སྟེང་དུ་འཁྱིལ་བའི་འཁྱགས་མཚོ55། ལོ་རེའི་དབར་དུས་སུ་བྱང་ཕྱོགས་སུ་རྒྱུ་བའི་ཧན་རྡུ་རྒྱ་མཚོ་ཆེན་མོའི་དྲོད་གཤེར་རླུང་རྒྱུན། དེ་མིན2015ལོར་བྱུང་བའི་ས་ཡོམ་གྱིས་དོད་ཅིང་ད་ལྟའི་བར་བཅོས་ཐུབ་མེད་པའི་རྨ་ཁ་དེ་རེད།
2026ལོའི་ཟླ8ཚེས26ཉིན་གྱི་ཆག་འཇིག་ཆེན་པོ་ནི་ལོ་ངོ་སྟོང་གི་བགྲོད་ལམ་དེས་མིའི་རིགས་ལ་བརྒྱབ་པའི་ཉེན་བརྡ་ཐེངས་ཤིག་ཡིན་ཏེ། ཧི་མ་ལ་ཡའི་ཕུ་ན་གནས་པའི་གས་སྲུབས་དེས་ནམ་ཡིན་ཡང་བག་ལྷོད་དང་གནོད་འཚེ་ཡི་ངོས་གཉིས་ཕྱེས་ཡོད། དེ་ལྟ་ན་ཡང་མིའི་རིགས་སྔར་བཞིན་མདུན་དུ་བསྐྱོད་དགོས།