ཕྱོགས་སོ་སོའི་སྟོབས་ཤུགས་གནོད་ཐེབས་ལྟེ་བའི་ཁུལ་དུ་བསྐྱོད་པ་དང་། བོད་ལྗོངས་སྐྱིད་གྲོང་རྫོང་གི་འདམ་རུད་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་བྱ་བ་མུ་མཐུད་དུ་སྒྲུབ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་འདམ་རུད་ཀྱི་གནོད་འཚེ་ཐེབས་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དང་མི་མང་པོར་འབྲེལ་ཐག་ཆད། ད་ལྟ། ཕྱོགས་སོ་སོའི་སྟོབས་ཤུགས་རང་ནུས་ཅི་ཡོད་སྒོས་གནོད་འཚེ་ཐེབས་པའི་ལྟེ་བའི་ཁུལ་དུ་བསྐྱོད་དེ། ཉེན་སེལ་རོགས་སྐྱོབ་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

ཚེས་ཉེར་དགུ་ཉིན།  སྐྱིད་གྲོང་འགག་སྒོའི་ལྟེ་བའི་གནོད་ཐེབས་ས་ཁོངས་སུ།  ཧ་ལམ་མེ་ཟོན་རོགས་སྐྱོབ་མི་སྣ70་ཡིས་དྲ་སྦྲེལ་རྣམ་པའི་གྲལ་བཤེར་བྱས་ནས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་བྱས།

ལྟེ་བའི་ས་ཁོངས་ཀྱི་འཚོལ་སྐྱོབ་བྱ་བར་འགན་སྲུང་བྱེད་ཆེད། ཚེས་ཉེར་དགུ་ཉིན་གྱི་ཐོ་རེངས་ནས་བཟུང་། ཕྱོགས་སོ་སོའི་རོགས་སྐྱོབ་སྟོབས་ཤུགས་ཀྱིས་ལྗིད་འདེགས་མི་མེད་གནམ་གྲུ་དང་གྱེན་འཕུར་གནམ་གྲུའི་རུ་སྒྲིག་མང་པོ་རྩ་འཛུགས་དང་བཀོད་གཏོང་བྱས་ཏེ། ཡུལ་དངོས་དང་པོའི་རོགས་སྐྱོབ་མི་སྣར་བར་སྣང་ནས་སྒྲིག་ཆས་དང་བཟའ་བཏུང་སྐྱེལ།  

འགག་སྒོའི་མཐའ་འཁོར་གྱི་ས་ཁོངས་སུ་རོགས་སྐྱོབ་སྟོབས་ཤུགས་ཀྱིས་ཀྱང་ཚན་ཆུང་དང་ས་ཁུལ་དགར་ཏེ་འཚོལ་སྐྱོབ་ཀྱི་བྱ་བ་སྒྲུབ། བོད་ལྗོངས་དམག་ཁུལ་གྱི་དཔོན་དམག་ཚོས་ཚེ་སྲོག་འཚོལ་ཞིབ་ཡོ་བྱད་དང་མི་མེད་གནམ་གྲུ། བྱང་སྐར་སོགས་ཆེད་ལས་སྒྲིག་ཆས་འཁྱེར་ནས་འགག་སྒོའི་མཐའ་འཁོར་དུ་འཚོལ་སྐྱོབ་བྱས།

སྐྱིད་གྲོང་འགག་སྒོར་བསྐྱོད་པའི་རྒྱལ་ལམ216ལ་ཡོངས་སུ་གཏོར་བརླག་ཐེབས་པ་དང་། ཕྱོགས་སོ་སོའི་རོགས་སྐྱོབ་སྟོབས་ཤུགས་ཀྱིས“མཐའ་མའི་གདོང་མཆོང”གི་རོགས་སྐྱོབ་ལམ་བུ་ཧུར་ཐག་གིས་བཏོད། གཞུང་ལམ་ལ་གཏོར་སྐྱོན་ཐེབས་པའི་ས་ཁོངས་ཀྱི་ས་དབྱིབས་གུ་དོག་ལ་ལམ་ངོས་སྙི་མོ་ཡིན་པས། འཕྲུལ་ཆས་ཆེ་གྲས་ཀྱིས་ལས་ཀ་སྒྲུབ་པར་དཀའ་ཁག་ཡོད། ཚེས་ཉེར་དགུ་ཉིན། ཀྲུང་གོའི་ཨན་ནིན་གྱིས་ཆེད་ལས་འཕྲུལ་ཆས20ལྷག་མངགས་ཏེ། གཞུང་ལམ་མྱུར་གསོ་བྱ་བར་ཧུར་ཐག་གིས་སྐུལ་འདེད་བཏང་། 

ད་ལྟ། གཏོར་སྐྱོན་ཐེབས་པའི་གཞུང་ལམ་སྤྱི་ལེ2.6ལྷག་མྱུར་སྐྲུན་བྱས་ཤིང་། སྐྱིད་གྲོང་འགག་སྒོའི་སྟོད་རྒྱུད་དུ་འཁྱིལ་མཚོའི་ཉེན་ཁའི་གནས་ཚུལ་བྱུང་སྟེ། རོགས་སྐྱོབ་བྱ་བར་ཤུགས་རྐྱེན་ཐེབས། ཆུ་བེད་པུའུ་ཡི་ལྟ་ཞིབ་ཚད་ལེན་གསར་ཤོས་ལྟར་ན། འཁྱིལ་མཚོའི་ཆུ་ངོས་ཀྱི་རྒྱ་ཁྱོན་ཇེ་ཆུང་དུ་འགྲོ་བཞིན་ཡོད་པ་དང་། ཚེས27ཉིན་དང་བསྡུར་ན་སྨི་གྲུ་བཞི་མ་ཧ་ལམ་ཉིས་ཁྲི་ཆིག་སྟོང་ཇེ་ཉུང་དུ་ཕྱིན་པ་དང་། འཁྱིལ་མཚོ་དལ་གྱིས་བཞུར་ནས་ཆུ་ཚད་རིམ་བཞིན་ཇེ་ཉུང་དུ་སོང་། ད་ལྟ། ཕྱོགས་མང་པོའི་སྟོབས་ཤུགས་ཀྱིས་འཁྱིལ་མཚོར་དུས་ཚོད24རིང་རྒྱུན་ཆད་མེད་པར་ལྟ་ཞིབ་ཚད་ལེན་བྱེད་བཞིན་ཡོད།

ཚེས་ཉེར་དགུ་ཉིན། སྐྱིད་གྲོང་གྲོང་རྡལ་གྱི་བདེ་འགོད་ས་ཚིགས་སོ་སོ་རུ།  སྨན་བཅོས་སྐོར་སྐྱོད་རུ་ཁག་གིས་མུ་མཐུད་དུ་སྐོར་ཞིབ་བྱས་ནས། མཐོ་སྒང་གི་རྒྱུན་མཐོང་ནད་དང་གནོད་ཤུལ་རྗེས་ཀྱི་འབྱུང་སླ་བའི་ནད་གཞིར་དམིགས་ཏེ། སྐོར་སྐྱོད་སྨན་བཅོས་དང་གཅིག་གཏད་གཅིག་གི་སེམས་ཁམས་ཁྲིད་སྟོན་ཡག་པོ་བྱས། 

བལ་བོའི་འབྲེལ་ཡོད་ཕྱོགས་ཀྱི་རེ་ཞུ་ལྟར། འཕྲལ་བསྟུན་དོ་དམ་པུའུ་ཡིས་ཚེས་ཉེར་དགུ་ཉིན་ཕུག་ལམ་རོགས་སྐྱོབ་ཆེད་མཁས་པ་མངགས་ཏེ་བལ་བོར་བསྐྱོད་ནས་ཆུ་གློག་ས་ཚིགས་ཕུག་ལམ་གྱི་རོགས་སྐྱོབ་བྱ་བ་སྒྲུབ་པ་རེད།  

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།