ཀྲུང་དབྱང་ཏང་གི་སློབ་གྲྭས་སྟོན་དུས་སློབ་སྐབས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོ་བསྡུས། ཚའེ་ཆི་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཚེས29ཉིན་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གིས2026ལོའི་སྟོན་དུས་སློབ་སྐབས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོ་བསྡུས་ཤིང་།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ།  ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ(རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་གླིང་གཙོ)ཚའེ་ཆི་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱེད་པ།  “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ་བཅས་བྱེད་དགོས་ལ། གཞུང་ལུགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་པ། ལས་འགན་སྒྲུབ་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མི་རིགས་བསྐྱར་དར་གྱི་ལས་འགན་གལ་ཆེན་འཁུར་ཐུབ་པའི་བྱང་ཚད་མཐོ་བའི་ལས་བྱེད་པ་ཞིག་ཏུ་འགྱུར་ཅི་ཐུབ་བྱེད་དགོས།

ཚའེ་ཆི་ཡིས་བསྟན་དོན། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་དེང་ཕྱིན་དུས་སྐབས་ཤིག་གི་རིང་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ཏང་གི་སློབ་གྲྭའི་སློབ་མས་ཇི་མ་ཇི་བཞིན་དུ་སློབ་སྦྱོང་དང་རྩ་བ་དམ་འཛིན་གྱིས་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་།  རྒྱུན་མཐུད་རྗེས་སྙེག་གིས་སློབ་སྦྱོང་བཅས་བྱས་ནས། སློབ་སྦྱོང་གི་ཕན་འབྲས་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་སྒྲུབ་པའི་བྱ་སྤྱོད་དངོས་ཀྱི་ཐོག་མངོན་པར་བྱེད་པ་དང་། ཚད་གཞི་སྔར་ལས་མཐོ་བ་དང་སྔར་ལས་ཏན་ཏིག་གི་བྱེད་ཐབས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱ་དགོས། སྣེ་ཁྲིད་དེ་བློ་དཀར་སྤྱོད་གཙང་འགན་ཁུར་བཅས་བྱེད་ཐུབ་པ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་ནས་མི་དམངས་ཀྱི་ཆེད་དུ་སྲིད་འབྲས་འདོན་པ་དང་། དངོས་དོན་སྒྲུབ་པར་བརྟེན་ནས་སྲིད་འབྲས་ཐོན་པར་བྱ་དགོས།

ཚའེ་ཆི་ཡིས་བསྟན་དོན། དེང་སྐབས་ཀྱི་གནས་བབ་དང་ལས་འགན་ལ་ངོས་འཛིན་ཡང་དག་བྱས་ཏེ། རང་རྟོགས་ངང་བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས། ལོ་བརྒྱའི་འཕོ་འགྱུར་གྱི་འཕེལ་རིམ་ཇེ་མགྱོགས་སུ་ཕྱིན་པ་ལས་བྱུང་བའི་གོ་སྐབས་དང་འགྲན་སློང་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། “ཡིད་ཆེས་བཞི”ཇེ་བརྟན་དུ་བཏང་ནས་སེམས་ཤུགས་གཅིག་སྒྲིལ་སྒོས་རང་ཉིད་ཀྱི་བྱ་བ་ཡག་པོར་སྒྲུབ་དགོས།  དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། ཡིད་ཆེས་བརྟན་པོ་དང་སྔོན་དཔག་བརྟན་པོ་ཡོང་བར་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་ཡག་པོ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”འགོ་ཡག་པོ་ཞིག་རྩོམ་དགོས། ཆབ་སྲིད་ཀྱི་ནུས་པ་མཐོ་རུ་གཏོང་བ་དང་འཐབ་ཇུས་ཀྱི་བསམ་གཞིག་ཆགས་པ། ཁྱོན་ཡོངས་ཀྱི་འདུ་ཤེས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏན་ཏིག་ནུས་ལྡན་གྱི་བྱེད་ཐབས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཚའེ་ཆི་ཡིས་ནན་གྱིས་བསྟན་དོན། འགོ་ཁྲིད་ལས་བྱེད་པ་ཏང་གི་སློབ་གྲྭར་ཡོང་ན་ཐོབ་ཐང་གཙོ་བོ་ནི་སློབ་མ་ཡིན། སེམས་རྣལ་དུ་ཕབ་པ་དང་སེམས་གཡེང་སྤུ་ཙམ་ཡང་མེད་པར་ཏང་གི་གསར་གཏོད་གཞུང་ལུགས་ལ་གཅིག་བསྡུས་ཀྱིས་སློབ་སྦྱོང་ཡག་པོ་བྱེད་པ་དང་། ཏང་གཤིས་སྦྱོང་བརྡར་དེ་སློབ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་སྤུས་ཚད་མཐོ་བའི་སྒོ་ནས་སློབ་སྦྱོང་གི་ལས་འགན་ལེགས་འགྲུབ་བྱེད་དགོས། ཏང་གི་སློབ་གྲྭས་ཞིབ་ཚགས་ཀྱིས་སློབ་ཁྲིད་སྒྲིག་འཛུགས་དང་། སློབ་མར་དོ་དམ་ནན་མོ་བྱས་ནས།  སློབ་མས་བློ་བདེ་ངང་སློབ་སྦྱོང་བྱེད་པར་མཐུན་རྐྱེན་བསྐྲུན་དགོས།

ཧྲི་ཐའེ་ཧྥིན་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།