ཟླ8པའི་ཚེས29ཉིན། རྫ་ཆུ་དང་མེ་ཀུང་ཆུ་བོའི་འགོ་ཁུངས་ཀྱི་མཉམ་ལས་གླེང་མོལ་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་བྱེད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཐེངས་འདིའི་བྱེད་སྒོ་ནི་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཀྲུང་གོ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་བཅས་ཀྱིས་རོགས་སྒྲུབ་བྱས་པ་ཡིན། བྱེད་སྒོ་ལ་ཐོན་ལས་མཉམ་ལས་དང་། འབབ་རྒྱུད་སྐྱེ་ཁམས། རིག་གནས་ཤུལ་བཞག་སྲུང་སྐྱོབ་བཅས་བརྗོད་དོན་གསུམ་གྱི་གླེང་མོལ་བཀོད་སྒྲིག་བྱས་ཡོད། རྫ་ཆུ་དང་མེ་ཀུང་ཆུ་བོ་བཞུར་ཁོངས་ཀྱི་རྒྱལ་ཁབ་དྲུག་གི་འབྲེལ་ཡོད་ཁྱབ་ཁོངས་ཆེད་མཁས་པ་དང་། སློབ་དཔོན་ཆེན་མོ། ཆེད་མཁས་པ་གྲགས་ཅན་དག་གཅིག་ཏུ་འཛོམས་ཤིང་། མཉམ་སྦྲེལ་མཉམ་མཐུད་ཀྱི་ཐོན་ལས་མཉམ་ལས་དང་། རྒྱལ་ཁོངས་བརྒལ་བའི་འབབ་རྒྱུད་ཀྱི་སྐྱེ་ཁམས་མཉམ་ལས་བཅོས་སྐྱོང་། འབབ་རྒྱུད་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན། རིག་གནས་ཡུལ་སྐོར་གཏིང་ཟབ་མཉམ་འདྲེས་བྱེད་པ་སོགས་གྲོས་དོན་མང་པོར་དམིགས་ནས་ཞིབ་འཇུག་བགྲོ་གླེང་ལེགས་པོ་བྱས་ལ། རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ཀྱི་ལག་ལེན་ཉམས་མྱོང་ལ་ཕན་ཚུན་སློབ་སྦྱོང་བྱས།
རྫ་ཆུ་དང་། མེ་ཀུང་ཆུ་བོའི་འབྱུང་ཡུལ་ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ཡིན་ལ། དེ་ཡིས་ཀྲུང་གོ་དང་། ཁམ་ཕུ་ཁྲེ། ལའོ་ཝུའོ། འབར་མ། ཐེ་གོ ཝེ་ཐེ་ནམ་བཅས་དམ་ཟབ་ཏུ་སྦྲེལ་ཡོད། རྫ་ཆུ་དང་མེ་ཀུང་ཆུ་བོ་འབབ་རྒྱུད་ཀྱི་སྐྱེ་ཁམས་འགོ་ཁུངས་དང་མི་ཚུལ་རིག་གནས་སྦྲེལ་ཐག་ཡིན་པའི་ཆ་ནས། མཚོ་སྔོན་གྱིས་རྫ་ཆུ་དང་མེ་ཀུང་ཆུ་བོའི་མཉམ་ལས་ཀྱི་རྐྱེན་སྲོལ་ལ་བརྟེན་ཏེ། རྫ་ཆུ་དང་མེ་ཀུང་ཆུ་བོ་ལེ་དབར་ཁྲི་ལ་བཞུར་བ་སོགས་ཀྱི་འབྲེལ་འདྲིས་ཀྱི་ཁྱད་ལྡན་སྤུས་རྟགས་གསར་སྐྲུན་བྱས་ཤིང་། རྒྱུན་ཆད་མེད་པར་འབབ་རྒྱུད་ཀྱི་རྒྱལ་ཁབ་སོ་སོའི་བར་གྱི་མི་ཚུལ་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་།
མཚོ་སྔོན་གྱིས་ཐེངས་འདིའི་གླེང་མོལ་གྱི་གོ་སྐབས་འདི་ལ་བརྟེན་ནས། མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་། དག་གཙང་ནུས་ཁུངས། སྐྱེ་ཁམས་རིག་གནས་ཡུལ་སྐོར་སོགས་ཀྱི་ཐོན་ཁུངས་དགེ་མཚན་འདོན་སྤེལ་བྱས་ཤིང་། རྫ་ཆུ་དང་མེ་ཀུང་ཆུ་བོའི་ས་ཁོངས་ཀྱི་ཐོན་ལས་མཉམ་གསབ་དང་། ཉོ་ཚོང་འགྲོ་འོང་ཤར་གཏོང་ལ་སྐུལ་འདེད་བཏང་བ་དང་། རྒྱལ་ཁོངས་བརྒལ་བའི་སྐྱེ་ཁམས་རོགས་སྒྲུབ་བཅོས་སྐྱོང་ལ་ཤུགས་བསྣན་ནས། དམངས་ཁྲོད་ཀྱི་མི་ཚུལ་རིག་གནས་འགྲོ་འོང་ཐབས་ལམ་རྒྱ་ཆེར་བཏང་། རིམ་པ་རྗེས་མར། ད་དུང་གླེང་མོལ་བྱེད་སྒོ་ལམ་སྲོལ་ཅན་དང་། རྒྱུན་རྣམ་ཅན་གྱི་ཕྱོགས་སུ་འཁོར་སྐྱོད་བྱེད་དུ་བཅུག་སྟེ། འགོ་ཁུངས་ཀྱི་གླེང་མོལ་ལ་དཔལ་ཡོན་དཔྱད་གཞིར་འཛིན་པའི་སྟེགས་བུ་བསྐྲུན་ནས། མི་ཚུལ་རིག་གནས་སྤེལ་རེས་ཀྱིས་དམངས་སེམས་ཀྱི་སྦྲེལ་ཐག་དམ་པོར་སྦྲེལ་ཞིང་། རྫ་ཆུ་དང་མེ་ཀུང་ཆུ་བོའི་མཉམ་ལས་ལམ་སྲོལ་རྒྱུན་ཆད་མེད་པར་གཏིང་ཟབ་དང་དངོས་འབེབས་སུ་སྐུལ་འདེད་བཏང་སྟེ། ལག་ཟུང་སྦྲེལ་ནས་འབྲེལ་བ་ཧ་ཅང་དམ་ཟབ་ཡིན་པའི་རྫ་ཆུ་དང་མེ་ཀུང་ཆུ་བོའི་རྒྱལ་ཁབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་རེད།