ཟི་ལིང་དུས་རབས་སློབ་གྲྭས་སྐབས་དང་པོའི་སློབ་འགོ་ཚུགས་པའི་མཛད་སྒོ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས28ཉིན། ཟི་ལིང་དུས་རབས་སློབ་གྲྭས་སྐབས་དང་པོའི་སློབ་འགོ་ཚུགས་པའི་མཛད་སྒོ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིའུ་ཆི་ཧྥན་མཛད་སྒོར་ཞུགས་ནས་སློབ་གྲྭའི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས།

ལིའུ་ཆི་ཧྥན་གྱིས་ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ། སློབ་གྲྭ་བདེ་བླག་ངང་སློབ་འགོ་ཚུགས་པར་རྟེན་འབྲེལ་ཞུས་པ་དང་། ཝུན་ཀྲོའུ་ཨོའུ་ཧའེ་སློབ་གསོ་ཚོགས་པ་དང་དེ་བཞིན་མཚན་འཛིན་སློབ་གཙོར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། དགེ་སློབ་ཡོངས་ལ་སློབ་སྐབས་གསར་པའི་ནང་འཚམས་འདྲི་བྱས། ཁོས་བསྟན་དོན། ཟི་ལིང་དུས་རབས་སློབ་གྲྭ་དངོས་སུ་སློབ་འགོ་ཚུགས་པ་འདི་ནི། ཟི་ལིང་གྲོང་ཁྱེར་གྱི་རྨང་གཞིའི་སློབ་གསོའི་བྱ་གཞག་གི་དོན་ཆེན་ཞིག་དང་དགའ་སྤྲོ་སྐྱེས་འོས་པའི་བྱ་བ་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བའི་གསོན་ཉམས་ཅན་གྱི་བསྡུས་གཟུགས་ཤིག་ཀྱང་ཡིན་ཞིང་། དེས་ཤར་ནུབ་རྒྱུད་མཉམ་ལས་ཀྱི་བརྩེ་སེམས་མཚོན་པ་དང་ཕྱོགས་སོ་སོའི་སེམས་ཤུགས་གཅིག་ཏུ་བསྡུས་ནས། མགོ་འཛུགས་ས་མཐོ་བའི་སྟེང་ནས་ཇུས་འགོད་དང་ཚད་གཞི་མཐོ་བའི་འཛུགས་སྐྲུན། སྤུས་ཚད་མཐོ་བའི་སློབ་སྒྲུབ་བཅས་མངོན་འགྱུར་བྱས་ཡོད། ཁོས་ནན་གྱིས་བསྟན་དོན། ཟི་ལིང་དུས་རབས་སློབ་གྲྭས་ཤར་ནུབ་རྒྱུད་མཉམ་ལས་ཀྱི་ལེ་དབར་སྟོང་ཕྲག་བརྒལ་བའི་རྩ་ཆེའི་སློབ་སྒྲུབ་གོ་སྐབས་ལ་གཅེས་སྤྲས་བྱས་ཏེ། རྩེར་སོན་དང་ཕུལ་བྱུང་དོན་གཉེར་བྱས་ནས། སློབ་གྲྭ་ནན་སྐྱོང་དང་སློབ་གསོ་ནན་སྐྱོང་། སློབ་གཉེར་ནན་མོ་བཅས་བྱས་ཏེ། ཚད་གཞི་མཐོན་པོའི་སྟེང་ནས་ཚན་རིག་དང་མཐུན་པའི་སྒྲིག་གཞི་དང་དོ་དམ་ཚད་དང་ལྡན་པར་བྱས་ཏེ། དུས་རབས་སློབ་གྲྭ་དེ་མང་ཚོགས་ཀྱི་སྒོ་འགྲམ་གྱི་སློབ་གྲྭ་ཡག་པོ་ཞིག་ཏུ་འགྱུར་བར་བྱས་ནས། ཟི་ལིང་གྲོང་ཁྱེར་གྱི་འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་གཏོང་བའི“གསེར་གྱི་མིང་བྱང་”ལྟ་བུ་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱེད་དགོས། ལིའུ་ཆི་ཧྥན་གྱིས་དགེ་རྒན་རྣམས་ལ་སློབ་གསོ་པའི་སྙིང་སྟོབས་དར་སྤེལ་བཏང་ནས། སེམས་ཤུགས་ཡོད་ཚད་དཔེ་ཁྲིད་དང་མི་སྣ་གསོ་སྐྱོང་བྱེད་པའི་བྱ་གཞག་ཁྲོད་བློས་གཏོང་བྱས་ཏེ། སློབ་མའི་ལེགས་པའི་ཆར་ལྟ་ཤེས་དང་། ཁྱིམ་བདག་དང་འབྲེལ་གཏུག་བྱེད་མཁས་པ། སློབ་སྲོལ་བསྐྲུན་མཁས་པ་བཅས་ཀྱི་དགེ་རྒན་ཞིག་བྱེད་དགོས་པ་དང་། སློབ་མ་ཚོས་རྒྱལ་ཁབ་དང་ཁྱིམ་ཚང་གི་བརྩེ་སེམས་གསོ་བ་དང་། སློབ་སྦྱོང་ལ་བརྩོན་ཞིང་བསམ་བློ་གཏོང་མཁས་པ། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ། ཁྱོན་ཡོངས་ནས་འཕེལ་རྒྱས་དང་འབད་བརྩོན་ཡར་རྒྱས་ཀྱི་དུས་རབས་ཀྱི་མི་གསར་པ་ཞིག་བྱེད་དགོས་པའི་སྐུལ་ལྕག་གནང་།

སློབ་འགོ་ཚུགས་པའི་མཛད་སྒོའི་སྟེང་དུ། སྨྱུ་གུའི་འབྲི་འགོ་ཚུགས་པའི་མཛད་སྒོ་དང་དགེ་རྒན་ལ་གུས་མཇལ་ཞུ་བའི་མཛད་སྒོ་སྤེལ་བ་དང་། སློབ་མ་གསར་པ་དང་དགེ་རྒན་གྱི་འཐུས་མིས་སོ་སོར་གཏམ་བཤད་བྱས་པ་དང་། དགེ་སློབ་ཚོས་འབྱུང་འགྱུར་ལ་བཅངས་པའི་རེ་བ་བྲིས་རྗེས་སུ་ལའང་མི་སྟོན་པར་ཉར་ཚགས་བྱས་ཏེ། ལོ་མང་འགོར་རྗེས་རེ་འདུན་མངོན་འགྱུར་བྱུང་ཡོད་མེད་ལ་བལྟ་རྒྱུའི་འཆར་གཞི་བཀོད་པར་མ་ཟད། 《ལོ་ཆུང་གཞོན་ནུས་ཀྲུང་གོ་གླེང་》ཞེས་པ་མཉམ་དུ་གྱེར།

མཛད་སྒོ་གྲོལ་རྗེས། ལིའུ་ཆི་ཧྥན་གྱིས་ཟི་ལིང་དུས་རབས་སློབ་གྲྭའི་ཚན་རྩལ་བར་ཁྱམས་རིང་མོ་དང་བརྙན་ཕབ་སློབ་ཁང་། སེམས་ཁམས་བདེ་ཐང་ལྟེ་གནས། རིག་ལྡན་གཉེར་སྐྱོང་ལྟེ་གནས། ཁྱིམ་བདག་སློབ་གྲྭ་བཅས་འཛུགས་སྐྲུན་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ། སློབ་གྲྭའི་སློབ་འགོ་ཚུགས་པའི་གྲ་སྒྲིག་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་ནན་གྱིས་བསྟན་དོན། ཆ་འཕྲིན་ཅན་གྱི་སློབ་ཁྲིད་སྒྲིག་བཀོད་ཡག་པོ་བསྐྲུན་ནས། གཞི་གྲངས་ཅན་ལ་བརྟེན་ནས་སློབ་གསོ་བསྒྱུར་བཅོས་དང་སློབ་ཁྲིད་གསར་གཏོད་ལ་སྣེ་ཁྲིད་བྱེད་དགོས། སློབ་མའི་སེམས་ཁམས་བདེ་ཐང་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། སེམས་གསོ་དང་ཀུན་སྤྱོད་གསོ་སྐྱོང་གཉིས་གཅིག་གྱུར་ཡོང་བར་རྒྱུན་འཁྱོངས་བྱས་ཏེ། སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་བཟུང་ནས་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ལེགས་དོ་སྙོམས་དེ་སློབ་སྒྲུབ་དང་སློབ་གྲྭ་སྐྱོང་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། ལོ་བཅུ་གཉིས་རིང་ཐོག་མཐའ་བར་གསུམ་དུ་ལམ་ལུགས་ལེགས་པའི་སློབ་གྲྭ་རྩེ་གྲ་བསྐྲུན་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།