ཟླ8པའི་ཚེས25ཉིན་ནས་ཚེས26ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དང་། ཁྲི་ཀ་རྫོང་དུ་ཕྱིན་ནས། ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་ཐད་ཀྱི་ཆེད་དོན་འདྲི་རྩད་དང་འབྲེལ་ཡོད་ཁྲིམས་འཛུགས་བྱ་བར་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་གུང་ཧོ་རྫོང་དབང་པོ་སྐྱོན་ཅན་སྙོར་སྐྱོང་ཁམས་གསོ་ལྟེ་གནས་དང་། ཆབ་ཆ་གྲོང་རྡལ་རྨ་ཆུ་ལམ་སྡེ་ཁུལ་དང་། ཁྲི་ཀ་རྫོང་ཁྱིམ་གྱི་སློབ་གསོ་དང་ཁྱིམ་སྲོལ་སློབ་གསོ་ལག་ལེན་རྟེན་གཞི་སོགས་སུ་སོང་ནས། ཡུལ་དངོས་འདྲི་རྩད་དང་། ངོ་འཕྲད་གླེང་མོལ། ཁྱིམ་དུ་ཕྱིན་ནས་འབྲེལ་འདྲིས་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། དབང་པོ་སྐྱོན་ཅན་གྱི་ཁམས་གསོ་སྙོར་སྐྱོང་དང་། འཚོ་བའི་འགན་སྲུང་། རོགས་སྐྱོར་རོགས་སྐྱོབ། གེགས་མེད་ཁོར་ཡུག་འཛུགས་སྐྲུན་སོགས་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་པ་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་ཅིང་ཕྲ་བའི་སྒོ་ནས་རྒྱུས་ལོན་བྱས་ཤིང་། དུས་མཉམ་དུ་མཚོ་ལྷོ་ཁུལ་གྱི་གོམས་སྲོལ་བཅོས་སྒྱུར་སྐུལ་སྤེལ་ཁྲིམས་འཛུགས་བྱ་བའི་གོང་སྤེལ་གནས་བབ་ལ་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཁྲིམས་སྐྱོང་གིས་དམངས་འཚོ་འགན་སྲུང་དང་གཞི་རིམ་བཅོས་སྐྱོང་ལ་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་གཅིག་ནས་དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་གི་ལས་དོན་ཁག་རྒྱུན་མཐུད་ངང་དམ་འཛིན་ཏན་ཏིག་བྱེད་པ་དང་། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་དང་དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་ནན་མོ་བྱས་ཏེ། ཕྱོགས་ཡོངས་ཀྱི་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། དཀའ་ངལ་དང་དབང་པོ་སྐྱོན་ཚབས་ཆེན་སོགས་ཀྱི་གཙོ་གནད་ཚོགས་སྤྱིར་དམིགས་ནས་གནད་འཁེལ་ཇུས་བསྟར་བྱས་ཏེ། སེམས་རྣལ་དུ་ཕབ་ནས་དབང་པོ་སྐྱོན་ཅན་གྱི་བྲེལ་དཀའ་ཁྲལ་སྒུག་བཞིའི་གནད་དོན་ཐག་གཅོད་བྱེད་དགོས། ཕྱོགས་གཞན་ཞིག་ནས་ཚད་གཞི་མཐོ་བའི་སྒོ་ནས་མཚོ་ལྷོ་ཁུལ་གྱི་གོམས་སྲོལ་བཅོས་སྒྱུར་སྐུལ་སྤེལ་བྱེད་པའི་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་བཏང་སྟེ། ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། ཏང་འཛུགས་ལ་བརྟེན་ནས་དཔལ་ཡོན་སྲོལ་གསར་སྐྱེད་སྲིང་ལ་སྤྱི་འདོམས་བྱེད་པ་དང་། རིག་གནས་མཉམ་འདྲེས་ཀྱིས་ནུས་པ་སྩོལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ས་གནས་ཀྱི་ཕུལ་བྱུང་ཁྱིམ་སྲོལ་དམངས་སྲོལ་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་དང་དཔལ་ཡོན་ལྡན་པའི་ཡུལ་སྲོལ་གཏོད་རྒྱུ་དེ་ཁྲིམས་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོར་འདྲེས་སུ་བཅུག་ནས། ལུགས་རྙིང་སྲོལ་ངན་འདོར་བ་དང་། གཞུང་དྲང་བབ་ཆགས་ཀྱི་སྤྱི་ཚོགས་གོམས་སྲོལ་དང་དམངས་སྲོལ་གསོ་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་དང་གོམས་སྲོལ་བཅོས་སྒྱུར་ལས་དོན་མཉམ་འདྲེས་གཏིང་ཟབ་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་བསམ་བློའི་ཐུན་མོང་ངོས་འཛིན་དང་བཅོས་སྐྱོང་གི་སྒྲིལ་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བ་དང་། སྤུས་ཚད་མཐོ་བའི་ས་གནས་ཀྱི་ཁྲིམས་འཛུགས་ལ་བརྟེན་ནས་དམངས་འཚོའི་བདེ་སྐྱིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། ཡུལ་སྲོལ་དཔལ་ཡོན་མཐོར་འདེགས། གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་ཇེ་མཐོར་གཏོང་བའི་དམིགས་འབེན་སྣ་མང་མངོན་འགྱུར་བྱེད་དུ་འཇུག་དགོས།